002 བློ་བཟང་ཕུན་ཚོགས།


བློ་བཟང་ཕུན་ཚོགས།

གནས་ཚུལ་བྱུང་ཚེས། -March 16, 2011 རྟགས། -Male

ཁུངས། -རྔ་པ་ཀིརྟི་དགོན།

ས་གནས། - རྔ་པ་ཀིརྟི་དགོན།

ལོ། -  21

མ་མིང། - རྫོགས་དཀར།

ཕ་མིང། - ཚེ་རིང་བཀྲ་ཤིས།

སྐྱེས་ཡུལ། - རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ།

འཚོ་ཐབས། - རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ།

ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།


གནས་སྟངས་རྒྱས་པ། -

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ པ་ཙམ་ལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཇ་རུ་ཚང་གི་ཕ་མིང་ལ་ཚེ་རིང་བཀྲ་ཤིས་དང༌། མ་མིང་ལ་རྫོགས་དཀར་གཉིས་ཀྱི་བུ་རང་ལོ ༢༡ ལ་སོན་པ་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་རྔ་པའི་ཁྲོམ་མགོ་ནས་རང་ལུས་ལ་མེ་སྤར་ཏེ། བོད་རང་བཙན་ཡིན། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག སོགས་ཀྱི་རྒྱ་ནག་གཞུང་ལ་ཞི་རྒོལ་སྐད་འབོད་བྱས་འདུག་ལ། དེ་མ་ཉིད་དུ་ས་གནས་ཉེན་རྟོག་མི་སྣས་རྡུང་རྡེག་དང་བཅས་ཏེ་མེ་བསད་ཡོད་མོད་ཀྱང༌། ཁོང་ཉེན་རྟོག་པའི་ལག་ནས་མི་མང་དང་དགེ་འདུན་པ་རྣམས་ཀྱིས་ཕྲོགས་ཏེ་རྔ་པ་ཀིརྟི་དགོན་དུ་ཁྱེར་ཡོད། དེ་རྗེས་མི་མང་དང་དགེ་འདུན་པ་གྲངས་ ༡༠༠༠ བརྒལ་བས་ཞི་རྒོལ་གྱི་སྐད་འབོད་བྱས་ཏེ། ཁྲོམ་མགོ་ནས་སྤྱི་ལེ་ཕྱེད་མ་ཟིན་ཙམ་གབར་གོམ་འགྲོས་བྱས་ཡོད། དེ་ནས་དམག་དཔུང་འབོར་ཆེན་འབྱོར་ཏེ་ལྕགས་དབྱུག་དང་གློག་རྒྱུག་སོགས་གཞུས་ནས་ཚང་མ་ཁ་འཐོར་བཏང་ཞིང༌། ཞི་རྒོལ་བྱེད་ས་དེ་ནས་ལག་སོན་བྱུང་བའི་དགེ་འདུན་པ་དང་མི་མང་ཡོངས་རྫོགས་འཛིན་བཟུང་བྱས་འདུག ལྷག་པར་དགེ་འདུན་པ་མཐོང་ཚད་འཛིན་བཟུང་བྱས་ཡོད་པ་མ་ཟད། རྒྱ་ལག་ཏུ་མ་ཐེབས་པའི་མི་མང་དང་དགེ་འདུན་པ་རྣམས་ཀྱི་ཁྲོད་རྨས་སྐྱོན་ཚབས་ཆེན་ཕོག་པའང་མང་པོ་བྱུང་ཡོད། རྔ་པ་རྫོང་ཐོག་གི་ཁྲོམ་གཞུང་དང་ཕྱོགས་ཡས་མས་སུ་ཐོན་སའི་ལམ་ཁ་ཡོངས་རྫོགས་དམག་མིས་བཀག་སྡོམ་བྱས་ཏེ་བོད་པ་ཞིག་ཕྱིར་ཐོན་ས་མེད་པ་ལྟ་བུ་གྱུར་ཡོད། ཁོང་རྔ་པ་རྫོང་སྨན་ཁང་དུ་ཁྲིད་འདུག་ཀྱང་མྱུར་སྐྱོབ་མ་ཐུབ་པར་ཕྱི་ཚེས་ ༡༧ ཉིན་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༣ པ་ཡོལ་ཙམ་ལ་འདས་གྲོངས་སུ་གྱུར་འདུག དམ་པ་ཁོང་གི་སྐུ་ཕུང་རྒྱ་གཞུང་གིས་ཕྱི་ཚེས་ ༡༧ དགོང་མོ་ནང་མིར་སྤྲད་ཡོད་ཀྱང་། སྐབས་དེར་དགོན་པའི་ལྕགས་རིའི་ཕྱི་ཡོངས་རྫོགས་དམག་དཔུང་གིས་བསྐོར་ཏེ་གནས་སྟངས་ཛ་དྲག་འོག་རྔ་པ་ཁུལ་ཙམ་མ་ཟད། བླ་བྲང་ཁུལ་དུ་ཡང་ཁ་པར་ལ་དམ་བསྒྲགས་ཤུགས་ཆེན་བྱས་ཏེ་འབྲེལ་ལམ་བྱེད་དཀའ་བའི་གནས་སུ་གྱུར་ཡོད།

Comments

Post a Comment