མཁའ་དབྱིངས།
གནས་ཚུལ་བྱུང་ཚེས། - October 7, 2011
རྟགས། - Male
ས་གནས། - རྔ་པ་རྫོང་གི་ཁྲོམ་གཞུང་།
ལོ། - 18
ཕ་མིང། - སྐལ་བཟང་།
སྐྱེས་ཡུལ། - རྔ་པ་རྫོང་མཐའ་བ་གོང་མ།
ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༧ ཉིན་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་མཐའ་བ་གོང་མའི་གསོང་པོ་ཚང་གི་ཕ་སྐལ་བཟང་གི་བུ་རང་ལོ་ ༡༨ ཡས་མས་ཤིག་ཡིན་པ་མཁའ་དབྱིངས་ལགས་དང་ཁོང་གི་འཐབ་གྲོགས་ཆོས་འཕེལ་ལགས་གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་ཐོན་ནས་རང་ལུས་ལ་མེ་སྤར་ཞིང་ལག་ཟུང་ཐལ་མོ་སྦྱར་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་འདུག སྐབས་དེར་ཉེན་རྟོག་པ་སོགས་ཀྱིས་ཁོང་གཉིས་ཀྱི་ལུས་ཀྱི་མེ་བསད་ཅིང་གཅར་རྡུང་གཏོང་བཞིན་ས་གནས་རྫོང་མི་དམངས་སྨན་ཁང་དུ་ཁྱེར་ཡོད་པ་དང། ཉེན་རྟོག་པས་མཁའ་དབྱིངས་སྨན་ཁང་ནང་ལ་ཁྲིད་ནས་འགྲོ་སྐབས། ཁོང་གིས་ཁུ་ཚུར་གནམ་ལ་འཕྱར་ནས་འབོད་སྒྲ་སྒྲོག་བཞིན་ཡོད་པ་མཐོང་ཡོད་ཀྱང་འབོད་ཚིག་གསལ་པོ་གོ་མི་འདུག ཕྱི་ཚེས་ ༨ ཉིན་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༡ ཙམ་ལ་མཁའ་དབྱིངས་ལགས་རྔ་པ་ཁུལ་གྱི་ལྟེ་གནས་འབར་ཁམས་སུ་གཟི་བརྗིད་ལྡན་པའི་ངང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། ནང་མིས་དགེ་སྒྲུབ་བྱེད་བཞིན་ཡོད་ཀྱང་དགེ་འདུན་པ་ལྔ་ལས་མང་བ་ལྷན་ཅིག་ཏུ་གདན་འདྲེན་ཞུ་མི་ཆོག་ཚུལ་བརྗོད་ནས་རྒྱ་གཞུང་གི་འབྲེལ་ཡོད་མི་སྣ་བཅུ་གྲངས་ཤིག་གིས་གསོང་པོ་ཚང་སྲུང་བྱ་དམ་པོ་བྱས་པ་མ་ཟད། རྔ་པ་མི་མང་སེམས་གསོ་བྱེད་པར་གཏོང་གི་མེད་པ་སོགས་སྔར་ལྷག་དམ་བསྒྲགས་ཤུགས་ཆེ་བྱས་འདུག འབྲེལ་ཡོད་མི་མང་གིས་དམ་པ་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱེད་དགོས་ཚུལ་གྱི་རེ་འདུན་ཤུགས་ཆེ་བཏོན་ཡོད། འོན་ཀྱང་རྒྱ་གཞུང་གིས་ཉན་འཇོག་རྩ་བ་ནས་མ་བྱས་པར་དེ་ཉིན་རང་འབར་ཁམས་སུ་ཁོང་གི་སྐུ་ཕུང་མེར་སྲེག་བཏང་ནས་རུས་ཐལ་ཞིག་ནང་མིར་སྤྲད་འདུག ཁོང་ནི་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གཞུང་གིས་དམར་གསོད་བཏང་བའི་མཐའ་བ་གོང་མའི་རྩེ་ཕྲུག་ཚང་གི་རྒྱལ་གཅེས་པ་བཀྲ་ཤིས་དབང་ཕྱུག་གི་ཚ་བོ་ཡིན་འདུག གོང་གསལ་རང་ལུས་མེར་སྲེག་གིས་ངོ་རྒོལ་དོན་རྐྱེན་དེའི་སྐོར་རྒྱ་ནག་གཞུང་འབྲེལ་གྱི་ཤིན་ཧྭ་དྲ་བའི་ཐོག་ཕྱི་ཚེས་ ༨ ཉིན་གནས་ཚུལ་བཀོད་པར་ཁོང་གཉིས་ཀར་སྲོག་གི་ཉེན་ཁ་མེད་པར་མ་ཟད། རྨས་སྐྱོན་ཚབས་ཆེ་མེད་ཚུལ་ཡང་བཤད་ཡོད་ཀྱང། རྔ་པ་མི་མང་གིས་ཕྱི་ཚེས་ ༨ དང་ཚེས་ ༩ ཚེས་ ༡༠ བཅས་ཉིན་གསུམ་རིང་རྔ་པ་རྫོང་ཁོངས་ཀྱི་བོད་པའི་ཟ་ཁང་དང་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་ནས་ཉེ་ཆར་བྱུང་བའི་རང་ལུས་མེར་སྲེག་གི་ལས་འགུལ་ཚང་མར་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད། ལྷག་པར་ཕྱི་ཚེས་ ༧ ཉིན་བྱུང་བའི་དོན་རྐྱེན་ཁྲོད་རྒྱལ་གཅེས་པ་མཁའ་དབྱིངས་ལགས་འདས་གྲོངས་སུ་གྱུར་བར་བརྟེན། མི་མང་ཕལ་མོ་ཆེས་དགོན་པ་ཁག་ལ་བསྔོ་རྟེན་ཕུལ་བ་དང་ཕྱག་སྐོར་མཆོད་འབུལ་བྱས་པ་སོགས་ཉིན་གསུམ་རིང་མྱ་ངན་དང་དགེ་སྒྲུབ་ཀྱིས་དུས་འདའ་བར་བྱས་འདུག ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་མི་ཚང་དེར་ཆོས་སྦྱིན་ལ་ཕེབས་རྩིས་ཀྱིས་མཐའ་བ་གོང་མའི་སྡེ་འདབས་སུ་སླེབས་སྐབས། མཐའ་བ་གོང་མའི་སྡེ་མི་རྒན་པ་སྐོར་ཞིག་ཚུར་ཡོང་ནས་དགེ་འདུན་པ་རྣམས་མ་ཕེབས་རོགས། གལ་སྲིད་ཕེབས་ན་ཁོང་ཚང་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་ཚུལ་ཞུས་ཡོད་སྟབས། དགེ་འདུན་པ་རྣམས་ཁོང་ཚང་ལ་མ་ཕེབས་པར་ས་གནས་དེ་གར་བཞུགས་ནས་མ་ཎི་དང་བསྔོ་བ་སྨོན་ལམ་གསུང་འདོན་གནང་འདུག
Comments
Post a Comment