009 ནོར་བུ་དགྲ་འདུལ།



ནོར་བུ་དགྲ་འདུལ།
གནས་ཚུལ་བྱུང་ཚེས། - October 15, 2011
རྟགས། - Male
ཁུངས། - རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ།
ས་གནས། - རྔ་པ་རྫོང་གི་ཁྲོམ་གཞུང་།
ལོ། - 19
ཕ་མིང། - པདྨ།
སྐྱེས་ཡུལ། - རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ།
འཚོ་ཐབས། - འབྲོག་པ།
ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།

གནས་སྟངས་རྒྱས་པ། -

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༥༠ ཙམ་ལ་རྔ་པ་རྫོང་ཆོས་རྗེ་ཞང་སོ་རུ་མའི་པདྨ་ཚང་གི་བུ་རང་ལོ་ ༡༩ ཙམ་ཡིན་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་རྔ་པའི་ཁྲོམ་གཞུང་དུ་ཐོན་ནས་རང་ལུས་མེར་སྲེག་བཏང་ཞིང་། བོད་ཁ་བ་ཅན་ལ་རང་དབང་རང་བཙན་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་ཞི་རྒོལ་སྐད་འབོད་བྱེད་སྐབས། རྔ་པའི་ཁྲོམ་གཞུང་དུ་ཡོད་པའི་ཉེན་རྟོག་པས་ཆུ་དང་མེ་གསོད་ཡོ་ཆས་ཀྱིས་ཁོང་གི་ལུས་ཐོག་མེ་བསད་ཅིང༌། གཅར་རྡུང་བཏང་སྟེ་ཉེན་རྟོག་པའི་རླངས་འཁོར་ཆུང་བ་ཞིག་གི་ནང་དུ་ཁྱེར་ཡོད་འདུག་མོད། ས་གནས་ཡུལ་མི་རྣམས་ཀྱིས་གང་དུ་ཁྱེར་ཡོད་མེད་སོགས་ཤེས་རྟོགས་ཐུབ་མེད། གནས་ཚུལ་འགྲེལ་བརྗོད་པས་བཤད་པ་ལྟར་ན་ཁོང་གི་གཟུགས་པོ་མེས་ཚིག་པ་ཚབས་ཆེན་ཡིན་ཡང་སྐབས་དེར་འདས་གྲོངས་སུ་གྱུར་མེད་པ་གསལ་པོ་ཡིན་འདུག ཁོང་ཕྱི་ལོ་ ༢༠༡༠ ཡས་མས་ལ་སྐྱ་བབས་ཏེ་ཕ་མའི་འཁྲིས་ལ་བསྡད་ཡོད། སྐབས་དེར་ཁྲོམ་ལ་མི་མང་པོ་ཡོད་འདུག་ལ་སྐྲ་རིང་ཞིང་དོར་མ་ལོ་དུང་སྔོ་སྐྱ་ཞིག་གྱོན་ཡོད་ཅིང་རང་ལུས་ལ་མེ་སྤར་ཏེ་དུས་ཚོད་གང་ཙམ་འགོར་རྗེས་ཁོང་གི་གདོང་དབྱིབས་མེས་བཏུམ་སྟེ། མགོའི་སྐྲ་དང་རྒྱབ་ཀྱི་སྟོད་གོས་སོགས་མེས་ཚིག་ནས་ས་ལ་འཐོར་ཡོད་འདུག དེ་ནས་གཡས་གཡོན་ནས་ཉེན་རྟོག་པ་རྣམས་ཀྱིས་དང་པོ་ཆུ་གཤོས་ཀྱང་མེ་མ་ཤི་བ་མ་ཟད། ཁོང་ས་ལའང་མ་འགྱེལ་བར་མུ་མཐུད་སྐད་འབོད་བྱེད་བཞིན་མདུན་དུ་ཡོང་སྐབས། ཉེན་རྟོག་པ་ཞིག་གིས་རྡོག་ཐོ་བརྒྱབ་ན་ཡང་ས་ལ་འགྱེལ་མི་འདུག དེ་ནས་མེ་གསོད་ཡོ་ཆས་ལག་ཏུ་ཡོད་པའི་ཉེན་རྟོག་པ་གཉིས་གསུམ་ཞིག་མདུན་དུ་ཐོན་ཏེ་ཁོ་པ་ཚོས་མེ་གསོད་ཡོ་ཆས་བརྒྱབ་ནས་ས་ལ་འགྱེལ་བཅུག་པ་དང༌། མེ་བསད་ནས་དེ་མ་ཐག་ཉེ་འཁྲིས་སུ་ཉེན་རྟོག་པའི་རླངས་འཁོར་ཆུང་བ་སྒམ་ཤིང་ཅན་ཞིག་འདུག་པ་དེའི་ནང་ཡར་ཁྱེར་ཏེ་ཁྲོམ་ལམ་གཞན་ཞིག་ནས་སྨན་ཁང་གི་ཕྱོགས་སུ་ཕྱིན། སྐབས་དེར་ཉེན་རྟོག་པ་དང་དམག་མི་མང་པོ་སླེབས་ཡོད་ལ་བོད་མི་ཡང་མང་པོ་འདུག་མོད། ཁོང་པ་ཚོས་གང་མགྱོགས་ལྕགས་དབྱུག་འཕྱར་ཞིང༌། མེ་མདའ་བརྒྱབ་ནས་མི་མང་ཁ་གཏོར་བཏང་ཡོད་པ་མ་ཟད། ཉེན་རྟོག་པ་དང་དམག་མི་ཧ་ཅང་མང་པོ་ཁྲོམ་ལམ་ཡོངས་ལ་འགྲེམས་འཇོག་བྱས་ཟིན་པར་བརྟེན། བོད་མི་རྣམས་ཀྱིས་བཤད་དོན་རྫོང་མཁར་ཕྱི་ནང་གི་འགྲུལ་བཞུད་མཚམས་བཅད་འདུག ཕྱི་ཚེས་ ༡༦ ཉིན་སླར་ཡང་རྔ་པ་རྫོང་མཁར་གྱི་བོད་པའི་ཟ་ཁང་དང་ཚོང་ཁང་ཚང་མས་སྒོ་བརྒྱབ་ནས་གདུང་སེམས་མཉམ་སྐྱེ་བྱས་འདུག ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༥ ཉིན་ཁོང་འབར་ཁམས་སྨན་ཁང་ནང་འདས་གྲོངས་སུ་གྱུར་ཡོད་ཀྱང་སྐུ་ཕུང་ནང་མིར་ཕྱིར་སྤྲོད་མ་བྱས་པར་རྒྱ་གཞུང་གིས་མེར་སྲེག་བཏང་ནས་རུས་ཐལ་ཞིག་ནང་མིར་སྤྲད་འདུག་པ་དེ་ཡང་རྔ་པའི་དུར་སར་འཕེན་མི་ཆོག་པའི་བཙན་བཀའ་བཏང་འདུག

Comments

Post a Comment