013 རོང་ཚ་བསྟན་འཛིན་ཕུན་ཚོགས།



རོང་ཚ་བསྟན་འཛིན་ཕུན་ཚོགས།

གནས་ཚུལ་བྱུང་ཚེས། - December 1, 2011

རྟགས། -  Male

ཁུངས། - ཆབ་མདོ་ས་ཁུལ་ཀརྨ་ཤང་གྱིང་ཐང་གྲོང་ཚོ།

ས་གནས། - ཆབ་མདོ་ཀརྨ་ཤང་།

ལོ། - 46

ཕ་མིང། - ཚེ་རིང་ཕུན་ཚོགས།

སྐྱེས་ཡུལ། - ཆབ་མདོ་ས་ཁུལ་ཀརྨ་ཤང་གྱིང་ཐང་གྲོང་ཚོ།

འཚོ་ཐབས། - ཞིང་པ།

ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།


གནས་སྟངས་རྒྱས་པ། -

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་དབྱེ་བའི་ཁམས་ཆབ་མདོ་ཀརྨ་ཤང་གི་ཉེ་འགྲམ་གྱིང་ཐང་གྲོང་ཚོ་ནས་ཡིན་པ་རོང་ཚ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཀརྨ་ཤང་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་དམར་གཞུང་ལ་ངོ་རྒོལ་གནང་སྐབས། རྒྱ་གཞུང་ཉེན་རྟོག་པས་མེ་བསད་དེ་ཆབ་མདོ་དམག་མིའི་སྨན་ཁང་ཞིག་ཏུ་འཁྱེར་འདུག་ཀྱང་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་གསོན་དཀའ་བའི་གནས་སུ་གྱུར་འདུག ནང་མི་གཉེན་ཉེ་སོགས་མི་གཅིག་ཀྱང་ཐུག་བཅུག་མེད། ཕྱི་ཚེས་ ༦ ཉིན་ཆབ་མདོ་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་འདུག ཕྱི་ཚེས་ ༨ ཉིན་བོད་མི་ཁག་གཅིག་སྨན་ཁང་ལ་སོང་ནས་ཁོང་གྲོངས་ཡོད་པའི་གནས་ཚུལ་འདུག་པ་ལྟར། ཕུང་པོ་རྩིས་སྤྲོད་དགོས་སྐོར་ཤོད་སྐབས་ཁོ་ཚོས་ཕུང་པོ་ནང་མི་ལ་སྤྲད་ཚར་ཟིན་སྐོར་བཤད་ཡོད་ཀྱང༌། སྐབས་དེར་ཕུང་པོ་རྩིས་སྤྲོད་བྱས་མེད། རྗེས་སུ་ཕུང་པོ་ནང་མིར་རྩིས་སྤྲོད་ཀྱིས་དུར་འཇུག་སོགས་བྱེད་ཐུབ་ཡོད་འདུག དམ་པ་ཁོང་འདས་གྲོངས་སུ་འགྱུར་རྗེས་ཁོང་གི་བུ་རང་ལོ་ ༡༠ དང་རང་ལོ་ ༦ ཅན་གཉིས་ཀ་ཆབ་མདོར་བཀག་ཉར་བྱས་པ་ད་ལྟའང་གློད་གྲོལ་ཐོབ་མེད་པར་བརྟེན་མ་སྒྲོལ་མ་སེམས་ཁྲལ་ངང་གནས་ཡོད་འདུག། སྐབས་དེར་ཁོང་གིས་ཡིག་ཆ་འདྲ་མིན་གཏོར་འགྲེམས་དང་འབྲེལ་སྐུ་ལུས་མེར་སྲེག་གཏོང་སྐབས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན། ཞེས་པའི་འབོད་ཚིག་སྒྲོགས་ཡོད་པ། ཉེ་འཁོར་གྱི་བོད་མི་ཙམ་མ་ཟད། ལྷ་ས་ནས་ཁ་པར་གཏོང་མཁན་ཞིག་གིས་ཁ་པར་ནང་ནས་ཀྱང་གོ་ཐུབ་ཡོད་འདུག ཁོང་ནི་དེ་སྔོན་ཆབ་མདོ་ཀརྨ་དགོན་པར་གྲྭ་པ་གནང་མྱོང་བ་ཞིག་དང་སྐུ་ལུས་མེར་སྲེག་མ་བཏང་གོང་། ས་གནས་གནད་ཡོད་མི་སྣ་ཁག་གཅིག་ལ་རྒྱ་གཞུང་ནས་ཀརྨ་དགོན་པའི་བླ་མ་དང་གྲྭ་པ་འཛིན་བཟུང་གིས་གཙོས་བོད་དང་བོད་མིའི་ཐོག་གདུག་རྩུབ་མནར་གཅོད་འདི་ལྟར་མུ་མཐུད་བྱས་ཚེ་བཟོད་ཐབས་བྲལ་བ་ཞིག་ཡིན་པའི་སྐོར་གསུངས་འདུག དེ་ལྟ་བུའི་ལས་འགུལ་བརྩམས་དགོས་པའི་རྒྱུ་མཚན་ནི། རྒྱ་དམར་གཞུང་ནས་སྤྱིར་བོད་ས་ཡོངས་དང་ཡང་སྒོས་བོད་རང་སྐྱོང་ལྗོངས་ཁུལ་གྱི་བོད་མིར་གདུག་རྩུབ་བཏང་དང་གཏོང་བཞིན་པ་མ་ཟད། ལྷག་པར་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༦ ཐོ་རེངས་ཆུ་ཚོད་ ༤ པར་ཀརྨ་ཤང་ས་གནས་སྲིད་གཞུང་གི་ལས་ཁུངས་སུ་འབར་རྫས་གས་གཏོར་བྱུང་བ་ནས་བཟུང་ཀརྨ་དགོན་དང་དེའི་ཉེ་འདབས་སུ་སྡོད་མཁན་ཚོར་འགྲིམ་འགྲུལ་བཀག་བསྡོམས་སོགས་དམིགས་བསལ་དམ་བསྒྲགས་བཙན་གནོན་བྱེད་བཞིན་ཀརྨ་དགོན་གྱི་མཁན་པོ་རྣམ་སྲས་བསོད་ནམས་ལགས་དང། བློ་གྲོས་རབ་གསལ་ལགས་སོགས་འཛིན་བཟུང་བྱས་རྗེས་དགོན་དེའི་གྲྭ་བདུན་ཅུ་ཙམ་འཛིན་བཟུང་བཀག་ཉར་བྱས་རྐྱེན། རྒྱ་དམར་གཞུང་གི་གདུག་རྩུབ་ཚད་བྲལ་ལ་བཟོད་མ་ཐུབ་པར་རང་ལུས་མེར་སྲེག་བཏང་བ་ཞིག་ཡིན་པ་དང་། རྒྱ་དམར་གཞུང་གི་གདུག་རྩུབ་དེ་རིགས་མཚམས་འཇོག་མ་བྱས་ཚེ། མ་འོངས་པར་བོད་ནང་གི་གནས་སྟངས་ཆེས་ཛ་དྲག་ཏུ་འགྱུར་ཉེན་འདུག་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང༌། རང་དབང་ལ་དགའ་བའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་དམིགས་བསལ་དོ་འཁུར་བཞེས་པའི་ཐོག་བོད་ས་ཡོངས་ཀྱི་དངོས་ཡོད་གནས་སྟངས་ཇི་ཡོད་རྟོག་ཞིབ་པ་འཕྲལ་གཏོང་དང་འབྲེལ་བོད་མིའི་དཀའ་སྡུག་སེལ་ཐབས་དགོས་པའི་འབོད་སྐུལ་ནན་མོ་ཞུས་ཡོད་འདུག

རྒྱལ་གཅེས་པ་རོང་ཚ་བསྟན་འཛིན་ཕུན་ཚོགས་ལགས་ཀྱི་ཁ་ཆེམས།

ཁོང་གིས་རང་ལུས་མེར་སྲེག་མ་བཏང་གོང་ཙམ་ལ་ཁ་ཆེམས་ཡི་གེ་ཁག་བཞི་བཞག་འདུག་པ་དང༌། ཡི་གེ་གཅིག་གི་ཕྱི་སྐོགས་སུ། ཀརྨ་དགོན་པའི་རྒྱ་སྒོ་ལ་སྦྱར་རོགས་ཞེས་བྲིས་འདུག

ཡི་གེ་ཁག་བཞིའི་ནང་དོན་ཁག་གཤམ་གསལ། ༡༽ བོད་ཀྱི་ཁྱད་ཆོས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡང་དག་པའི་ལྟ་བ་མ་ནོར་བར་ལེགས་པར་འཛིན་སྐྱོང་བྱེད་པའི་ཀརྨ་དགོན་མཁན་པོ་བློ་གྲོས་རབ་གསལ་དང༌། རྣམ་སྲས་བསོད་ནམས། གྲྭ་བཙུན་ཐམས་ཅད་བཙོན་བཟུང་རྡུང་རྡེག་འདི་འདྲ་བཟོས་ན། ངེད་ཀརྨ་དགོན་མཁན་སློབ་འབྲེལ་ཡོད་ཐམས་ཅད་སྡུག་བསྔལ་གྱིས་ཤི་ན་དགའ་འདུག ཅེས་ཕྲན་ལ་རྒྱ་འཛིན་པའི་ཐ་ཤལ་པ་བསྟན་འཛིན་ཕུན་ཚོགས་ནས་བྲིས། སྤུན་ཟླ་ཚོ། སེམས་མ་ཕམ། དཔའ་མ་ཞུམ། ༢༽ བདག་གཞན་བརྗེ་བའི་ཆོས་གྲོགས་ཚོ། བསྟན་པ་འཛིན་པའི་མཁན་པོ་རྣམ་གཉིས་དང༌། གྲྭ་བཙུན་ཚོ་ལ་བསམ་མནོ་ཞིག་ཐོངས་དང༌། ཆོས་ལུགས་སྤེལ་མི་ཆོག་པའི་དབང་སྡུད་ལ་ཡིད་ཆེས་འདུག་ལགས་སམ། བསྟན་འཛིན་ཕུན་ཚོགས་ནས་བྲིས། ༣༽ཀརྨ་དགོན་ཆོས་གྲོགས་ཚོ། བསླབ་གསུམ་གྱི་མཁན་པོ་དང་གྲྭ་བཙུན་དེ་ཚོ་ལ་བསམ་ན་བསྡད་ན་ཅི་ཕན། ཡར་ལ་ལོངས་ཤོག རྙེད་བཀུར་ཆོས་བརྒྱད་གྲགས་པའི་རོ་རྣམས་ལ། །རི་དྭགས་དགྲ་ལ་འཇིགས་བཞིན་རབ་ཏུ་འབྲོས། །མནོག་ཆུང་ཚེ་འདིས་བསླུ་བ་མ་ནུས་པའི། །སངས་རྒྱས་མཉན་པའི་ཞབས་ལ་གསོལ་བ་འདེབས། །སྡུག་བསྔལ་གྱིས་ཁེངས་པའི་ཐ་ཤལ་བསྟན་འཛིན་ཕུན་ཚོགས་ནས་བྲིས། ༤༽བོད་ཁམས་སྤྱི་དང་ད་ལོ་ཀརྨ་དགོན་པའི་སྡུག་བསྔལ་འདི་བསམ་ཚེ་བདག་འཇིག་རྟེན་འདིར་བསྡད་ན་ཚེ་འགྲོ་ཐབས་མི་འདུག་ཅེས་བྲིས་ཡོད་འདུག

Comments

Post a Comment