མིང། སྤྲུལ་སྐུ་བསོད་བྷེ་རིན་པོ་ཆེ།
གནས་ཚུལ་བྱུང་ཚེས། January 8, 2012
རྟགས། Male
ཁུངས། སྟོང་སྐྱབས་དགོན།
ས་གནས། མགོ་ལོག་ཁུལ་དགའ་བདེ་རྫོང།
མ་མིང། འབྲོག་བཟའ་འབྲུག་ལྡེ། ལས་གནས།
ཕ་མིང། ཉ་དགེའི་བསོད་སྐྱབས།
སྐྱེས་ཡུལ། མགོ་ལོག་ཁུལ་དགའ་བདེ་རྫོང།
འཚོ་ཐབས། སྟོང་སྐྱབས་དགོན་གྱི་དགེ་འདུན་པ།
ད་ལྟའི་གནས་སྟངས། འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༥ པ་ཙམ་ལ་སྤྲུལ་སྐུ་བསོད་ནམས་དབང་རྒྱལ་ལམ་བསོད་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག སྤྲུལ་སྐུ་བསོད་བྷེ་ལགས་ནི་མགོ་ལོག་ཁུལ་དུ་ཡོད་པའི་དར་ལག་གྲོང་སྡེའི་བླ་སྤྲུལ་ཞིག་ཡིན་པ་དང༌། ཁོང་རང་ལོ་ ༤༢ ནང་རེད་འདུག ཁོང་རང་གིས་རང་ལུས་མེར་སྲེག་གཏོང་དགོས་དོན་ནི། བོད་ནང་ཆོས་དད་རང་དབང་མི་འདུག་ཅེས་བརྗོད་ཡོད། དེར་བརྟེན་ཁོང་རང་ས་ཁུལ་དེའི་ནང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་སྟབས། ས་གནས་མི་མང་ཉིས་སྟོང་བརྒལ་བས་མར་མེའི་ཁྲོམ་སྐོར་བྱས་ཡོད་པ་མ་ཟད། ས་གནས་ཉེན་རྟོག་པར་ཁོང་གི་ཕུང་པོ་རྩིས་སྤྲོད་དགོས་སྐོར་བརྗོད་ཡོད། དེར་བརྟེན་ས་གནས་ཉེན་རྟོག་པས་བསོད་ནམས་དབང་རྒྱལ་ལགས་ཀྱི་ཕུང་པོ་མི་མང་ལ་རྩིས་སྤྲོད་བྱས་སྟབས་ཛ་དྲག་གི་གནས་ཚུལ་ཞི་འཇམ་བྱུང་ཡོད། ཁོང་གིས་དར་ལག་རྫོང་གི་ཁྲོམ་གཞུང་དུ་ཡིག་ཆ་སྦྱར་བ་དང་འགྲེམས་སྤེལ་བྱས་པའི་ནང་དོན་གཙོ་བོ། བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་བྲིས་འདུག ཁོང་ནི་ཁུལ་དེའི་བླ་སྤྲུལ་ཞིག་ཡིན་པར་བརྟེན། ཕྱི་ཚེས་ ༨ ཉིན་དར་ལག་རྫོང་མཁར་གྱི་ཐག་ཉེར་གདུང་ཁང་བརྩིགས་ཏེ་སྐུ་གདུང་སྦྱིན་སྲེག་གནང༌། གདུང་ཁང་གི་ངོར་༼གངས་ཅན་དཔའ་བོ་སྤྲུལ་སྐུ་བསོད་བྷེ།༽ ཞེས་བྲིས་ཡོད་པ་རྒྱ་གཞུང་གིས་གདུང་ཁང་བཤིག་དགོས་པའི་བཙན་བཀའ་ཕབ་ཀྱང༌། མི་མང་གིས་བདག་པོ་བརྒྱབ་ནས་གཏོར་བཅུག་མེད། ཁོང་ནི་ཨ་སྐྱོང་གོང་མ་ཚང་གི་ཡབ་ཉ་དགེའི་བསོད་སྐྱབས་དང༌། ཡུམ་འབྲོག་བཟའ་འབྲུག་ལྡེ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༧༠ ལོར་སྐུ་འཁྲུངས་སྤུན་མཆེད་བཅུ་ཡོད་པ་ལས་རྒན་ཤོས་ལྔ་པ་དེ་ཡིན་ཅིང༌། སྐུ་ཆུང་དུས་སྟོང་སྐྱབས་དགོན་བསྟན་གཉིས་དར་རྒྱས་གླིང་དུ་ཆོས་ཞུགས་དང༌། དར་གྱི་སྙན་མོ་དགོན་དུ་ལོ་མང་རིང་གཞུང་ཆེན་ཁག་ལ་སློབ་གཉེར་གནང༌། ཁོང་སྟོང་སྐྱབས་དགོན་པའི་བླ་མ་སྐྱ་ཤུལ་ཐུབ་བསྟན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་སྤྲུལ་སྐུ་ཁྲི་གསོལ་དང༌། བ་ཡན་དགོན་དང་སྙན་དགོན་གཉིས་ཀྱིས་ཀྱང་སྤྲུལ་སྐུ་ཁྲི་གསོལ་བྱས་འདུག བལ་ཡུལ་དང་རྒྱ་གར་སོགས་སུ་ཆོས་ཞུར་གཙོས་གཉེན་འཕྲད་དང་གནས་སྐོར་ཆེད་ཐེངས་གཉིས་ཙམ་ཕེབས་ཡོད་འདུག ཁོང་ནི་གཏོང་ཕོད་ཅན་གྱི་དུས་རྒྱུན་འགྲོ་དོན་དང་རྣམ་དཀར་གྱི་ལས་ལ་བརྩོན་ཞིང་ལྷག་པར་རྒན་གསོ་ཁང་བཙུགས་ཡོད། དེ་བཞིན་གཅན་གཟན་གྱི་པགས་པ་མེ་སྲེག་གཏོང་བའི་ལས་འགུལ་ཐེངས་མང་སྤེལ་ཞིང༌། སྟོང་སྐྱབས་དགོན་ཐོག་ཏུ་སློབ་ཆུང་ཞིག་བཙུགས་ཡོད། ཕྱིས་སུ་དགའ་བདེ་རྫོང་གི་འབྲེལ་ཡོད་ལས་ཁུངས་ལ་སློབ་གྲྭ་བཙུགས་ཆོག་པའི་ཆོག་མཆན་ཞུས་ཀྱང་མ་ཐོབ་པ་མ་ཟད། ཁྲིམས་འགལ་ལས་འགུལ་སྤེལ་བའི་ནག་ཉེས་འོག་ཚ་འདྲི་བཀག་ཉར་བྱས་ཡོད། ཕྱི་ལོ་ ༢༠༡༡ ལོར་བལ་ཡུལ་ཕྱོགས་ལ་གནས་སྐོར་ཕེབས་ཆོག་པའི་ཆོག་མཆན་ཡང་ཐོབ་མི་འདུག མདོར་ན། ཁོང་གི་སྐུ་ཚེ་གང་ལ་མང་ཚོགས་དང་རྒན་རབས་སློབ་གསོ་བཅས་ལ་ཐུགས་འཁུར་ཆེན་པོ་གནང་ཡང༌། རྒྱ་གཞུང་གིས་བར་ཆད་འདྲ་མིན་བརྩམས་ཏེ་འགྲོ་དོན་གྱི་བྱ་བ་ལམ་དུ་འགྲོ་མ་བཅུག་པར་བརྟེན་རང་གི་སྐུ་སྲོག་བློས་གཏོང་རྒྱུར་དགོངས་པ་བཞེས་འདུག
Last Words:
༄༅། །བོད་མི་ས་ཡ་དྲུག་གི་གཙོས་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླ་ཡོངས་ལ། དེ་སྔ་འདས་གྲོངས་སུ་གྱུར་བའི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་གཙོས་རྒྱལ་ཁབ་ཕྱི་ནང་གི་རྒྱལ་གཅེས་པ་ཐམས་ཅད་ཀྱིས། བོད་མི་ཡ་ས་དྲུག་གི་གཞིས་བྱེས་ལྷན་འཛོམས་ཀྱི་དོན་དུ། བོད་ཀྱི་བདེན་དོན་ཆེད་རང་རང་གིས་སྐུ་སྲོག་བློས་བཏང་བ་རེད། ཚང་མར་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་ཏུ། བདག་རང་ཉིད་ཡིན་ཡང་ཡུལ་ཆེ་ཆུང་དབང་གིས་དེ་ལྟ་བུའི་སྙིང་སྟོབས་མེད་མོད་ཀྱང། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་དར་སྤེལ་ཅུང་ཙམ་བྱས་པ་ཡིན།
ད་ལྟ་ནི་དུས་རབས་ཉེར་གཅིག་པ་ཡིན་ལ། ད་ལོ་ནི་སྐུ་སྲོག་བློས་བཏང་བའི་རྒྱལ་གཅེས་པ་མང་པོ་ཞིག་གཤེགས་སོང་བའི་ལོ་རེད། དེས་ན་ངས་ཁོང་རྣམ་པར་ལུས་ཤ་ཁྲག་གི་མཚོན་བྱེད་ཙམ་ལས། རང་གི་སྙན་གྲགས་དང་གཟི་བརྗིད་མཛད་རྒྱུའི་ཆེད་མ་ཡིན་པར། སྙིང་ཐག་པ་ནས་སོར་བྱང་སྔགས་གསུམ། སྔགས་ཀྱི་ནང་ནས་སྔགས་ཀྱི་དམ་ཚིག་གཙོ་བོ་རང་རང་གི་ལུས་དང་སྲོག་གིས་འགྱོད་བཤགས་བྱེད་པ་ལྟ་བུས་འགྲོ་བ་སྤྱི་དང། ཁྱད་པར་དུ་རྒྱ་དམར་དང་གཉིས་སུ་མ་དབྱེ་བའི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད། མཐའ་མེད་པའི་སེམས་ཅན་དེ་དག་ནི་ཀླ་ཀློ་དང་ནི་འདི་ལྟ་བུའི་ཆོས་མིན་གྱི་ལས་ཚབས་ཆེན་བླངས་སོང་ན། སྙིང་ཐག་པ་ནས་དེ་རྣམས་ཀྱི་ལས་སྒྲིབ་བྱང་ཕྱིར་དང། ཤིག་དང་སྲོ་མང་ཡན་ཆད་དབུགས་ལ་བརྟེན་ཚད་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱིས་འཆི་ཁ་མནར་གཅོད་ཀྱི་སྡུག་བསྔལ་མི་མྱོང་བར་མགོན་པོ་འོད་དཔག་མེད་ཀྱི་སྐུ་དྲུང་ནས་རིམ་བཞིན་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་དུ། རང་གི་ཚེ་དང་སྲོག་གི་མཆོད་པ་འདི་ཕུལ་བ་ཡིན། ༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་དབུ་བཞུགས་པའི་བླ་སྤྲུལ་ཡོངས་རྫོགས་ཀྱི་སྐུ་ཚེ་༸ཞབས་པད་བརྟན་ཆེད་རང་གི་ལུས་དང་སྲོག་འདི་མཎྜལ་གྱི་ཚུལ་དུ་ཕུལ་བ་ཡིན།
།ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་ལ་མཎྜལ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡི་དམིགས་ནས་བླ་མ་དཀོན་མཆོག་གསུམ་ལ་འབུལ།། ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཨེ་དཾ་གུ་རུ་རཏྣ་མཎྜ་ལ་ཁཾ་ནིརྱ་ཏ་ཡ་མི།
ང་རང་མི་སྒེར་གྱི་དབང་གིས་འདི་ལྟ་བུའི་ལས་བགྱིས་པ་མ་ཡིན་ལ། འདོད་ཆགས་དང་བསྙེན་བཀུར་གྱི་དབང་གིས་ཀྱང་འདི་ལྟ་བུ་བྱས་པ་མ་ཡིན
རང་གི་བསམ་པ་རྣམ་པར་དག་པའི་སྒོ་ནས་རང་གི་ཚེ་འདི་རང་གིས་མེད་པར་བྱས་པ་མ་ཡིན་པར། སྙིང་སྟོབས་ཆེན་པོས་སྟག་མོ་ལ་ལུས་ཡོངས་སུ་བཏང་བ་ལྟ་བུའི་མཛད་རྗེས་བླ་ན་མེད་པ་དང་། རྒྱལ་གཅེས་པ་ལ་ལ་ནི་ཞེ་སྡང་དྲག་པོ་ང་རྒྱལ་ལ་སོགས་པའི་དབང་དུ་སོང་ཡོད་ན་ཐར་ལམ་ཆོད་དཀའ་མོ་རེད། དེའི་ལམ་སྣ་འདྲེན་པའི་དེད་དཔོན་དང། མ་འོངས་པ་ན་འགྲོ་བ་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡུལ་དེར་མཆོད་པ་དང་། དགེ་བ་བསགས་པའི་འབྲས་བུས། སངས་རྒྱས་ཀྱི་ས་བོན་ཐེབས་པའི་ཕྱིར་དུ་ཐུགས་སྨོན་དང། རྒྱལ་ཁབ་ཕྱི་ནང་གི་བླ་སྤྲུལ་ཡོངས་ཀྱི་སྐུ་ཚེ་བརྟན་པ་དང་། ཁྱད་པར་དུ་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་ཏེ། གཞིས་བྱེས་མཉམ་འཛོམས་ཡོང་བ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་བདག་ཏུ་བཞུགས་པའི་སྨོན་འདུན་དུ།
གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །འཕྲིན་ལས་ནམ་མཁའ་ལྟ་བུར་ཁྱབ་པར་ཤོག །སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ།། འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ།། མཆོག་གསུམ་བདེན་པས་རྩད་ནས་ཆོད་གྱུར་ཅིག།། འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བའི་མཐུས། །བདག་ལ་དྲིན་གྱིས་བསྐྱངས་པའི་ཕ་མ་དང་། །སེམས་བསྐྱེད་ཞུ་ཡུལ་བླ་མ་སློབ་དཔོན་དང་། །དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་གྲོགས་དང་། །རྒྱུ་ཟས་འབྲེལ་བ་ཡོད་པའི་མི་རྣམས་དང་། །བཞོན་ཁལ་སྲོག་གཅོད་འོ་ཞོ་འཐུང་བ་དང་། །ཤ་ཁྲག་ཟོས་པའི་དུད་འགྲོ་མ་ལུས་པ། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོང་བར་ཤོག །
འདི་དང་དུས་གསུམ་འབྲེལ་བ་ཡིས། །དགེ་རྩ་ཇི་སྙེད་བསགས་པ་ཀུན། །མར་གྱུར་སེམས་ཅན་ཐམས་ཅད་ཀྱི། །སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ།། ཏདྱཐ། པཉྩ་ཨིནྡྲི་ཡ་ཨ་ཝ་བོ་དྷ་ནཱ་ཡ་སྭཱ་ཧཱ། ཏདྱཐ། པཉྩ་ཨིནྡྲི་ཡ་ཨ་ཝ་བོ་དྷ་ནཱ་ཡ་སྭཱ་ཧཱ། ཏདྱཐ། པཉྩ་ཨིནྡྲི་ཡ་ཨ་ཝ་བོ་དྷ་ནཱ་ཡ་སྭཱ་ཧཱ།
རྡོ་རྗེའི་སྤུན་གྲོགས་དང་། ཕྱོགས་སོ་སོའི་དད་ལྡན་མང་ཚོགས་ཡོངས་ལ་ཞུ་རྒྱུ་ཞིག་ལ། ཁྱེད་ཚོ་ཐམས་ཅད་ཀྱིས་མཐུན་སྒྲིལ་གྱི་ལག་གདང་སྦྲེལ་ནས་བོད་མི་རིགས་ཟེར་བ་འདི་མ་འོངས་པར་འོད་སྟོང་འབར་བའི་གཟི་བྱིན་ཅན་གྱི་རྒྱལ་ཁབ་ཅིག་ཏུ་བསྐྲུན་ཐུབ་རྒྱུ་འདི་རྒྱལ་གཅེས་པ་ཚང་མའི་མཛད་རྗེས་ཀྱི་སྒོ་ནས་ཡོང་དགོས་ན། ཁྱེད་རྣམས་ཀྱིས་ཀྱང་ཁ་མཐུན་གྲོས་མཐུན་གྱི་སྒོ་ནས་ནང་ཁུལ་ནས་ས་རྩོད་དང་ཆུ་རྩོད་ལ་སོགས་པ་མི་དགོས་པའི་བྱ་བ་ངན་པ་མང་པོ་མི་བྱེད་པར། མཐུན་པའི་ལམ་ནས་ལོ་ཆུང་རྣམས་ཀྱིས་བཅུ་ཕྲག་རིག་གནས་ལ་གཅེས་སྤྲས་དང། ལོ་ལོན་རྣམས་ཀྱིས་རང་རང་གི་ལུས་ངག་གི་རྒྱུན་སོགས་ཡག་པོ་ཡོད་པའི་ཡུལ་གྱི་སྐད་ཡིག་འདི་དག་ཚང་མ་ཉམས་རྒུད་དུ་འགྲོ་རུ་མི་འཇུག་པར། ཆེ་བརྒྱད་ཅུ་མན་ཆད་ཆུང་བྱིས་པ་ཡན་ཆད་ཀྱིས་ངེས་པར་དུ་བོད་མིའི་བདེ་དོན་དང་། བོད་ཡུལ་འགྲོ་བ་སྤྱིའི་བསོད་ནམས་དང། འགྲོ་བ་སྤྱིའི་ཐབས་གང་གི་དམ་པ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཆེད་ཆོས་རྣམ་པར་དག་པ་ཞིག་བསྒྲུབ་རྒྱུ་གལ་ཆེན་པོ་རེད། བཀྲ་ཤིས་བདེ་ལེགས། ང་རང་གི་འཁོར་སྡེ་བརྒྱད་དང་། ཡུལ་བ་དང་ཉེ་རིང་ཡོངས་སུ་རྫོགས་པ། གཙོ་བོ་བཀྲ་ཁོ་དང་ཛམ་བྷ་སོགས་མི་གཅིག་གི་རྒྱབ་ན་ང་རང་གི་རྒྱུ་སྐར་ཆ་ཙམ་ཡང་མེད། ཡོངས་སུ་རྫོགས་པ་སྔོན་མ་ནས་གྲ་སྒྲིག་བྱས་ཏེ་ཆོས་ཕྱོགས་སུ་བཏང་ཚར་བ་ཡིན། མི་ལ་བཤད་རྒྱུ་གཏམ་རྒྱུ་མང་པོ་ཡོད་པས། འདི་ཚོའི་ལག་ན་སྒོར་ཁྲི་མང་པོ་ཡོད་པ་རེད། གཅིག་བྱས་ཐལ། གཉིས་བྱས་ཐལ་ཟེར་ན་གཏན་ནས་ཡོད་པ་མ་རེད། ཤ་ཕུ་ནུ། གཉེན་ཉེ་འབྲེལ་ཡོངས་དང་། ཡུལ་ཚོ་རུ་སྡེ་ཕྱོགས་སོ་སོའི་སྦྱིན་བདག་ཚང་མས་དེ་དོན་ཡིད་ལ་འཇགས་པར་ཞུ། དེ་མིན་བར་འདུག་བྱས་ཡོད་པ་དང་། སྙེགས་ནས་ཡོང་བ་མིན་པ་ཚོར་ངས་སྤྲད་བཞག་པ་ཡིན་རྒྱུ་རེད། སྙེགས་ཡོང་མཁན་འདྲ་ཡོད་ན་ཁྱེད་རྣམ་པ་ཆོས་དོན་ལྷན་ཚོགས་དང་ཡོན་བདག་ཚང་མས་བར་འདུག་བྱས་པ་ཚང་མ་ལྷ་སྡེ་མི་སྡེ། བླ་སྤྲུལ་སུ་ཞིག་ཡིན་ན་ཁྱེད་ཚོས་ཡག་པོ་ཞིག་སྤྲད་རྒྱུར་རེ་བ་ཞུས་པ་ཡིན། རང་གཞན་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་མ་འགྲོ་བ་རིགས་དྲུག་སྤྱི་དང། སྒོས་སུ་དམྱལ་ཁམས་བཅོ་བརྒྱད་ན་སྡུག་བསྔལ་མྱོང་བཞིན་པ་རྣམས་ཐར་བ་ཐོབ་ཕྱིར་བསྔོ་སྨོན་འདི་ལྟར་མཛོད། སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོང་བར་ཤོག །འདི་དང་དུས་གསུམ་འབྲེལ་བ་ཡིས། །དགེ་རྩ་ཇི་སྙེད་བསགས་པ་ཀུན།། མར་གྱུར་སེམས་ཅན་ཐམས་ཅད་ཀྱི། །སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །རྒྱལ་ཁབ་ཕྱི་ནང་གི་ཆོས་གྲོགས་ཡོངས་ལ་ངས་ཞུ་རྒྱུ་ཞིག་ལ། ཁྱེད་ཅག་གི་ཡིད་ཕམ་པ་མ་བྱེད། བླ་མ་དགེ་བའི་དགེ་གཉེན་ལ་གསོལ་བ་རྩེ་གཅིག་ཏུ་ཐོབས་དང་། ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ་སྐད་ཅིག་ཙམ་ཡང་འབྲལ་བ་མེད། རྒ་རྒས་རྣམས་དང་། མང་ཚོགས་ཚང་མར་དེ་བཞིན་ཡིན། ཡག་ན་སྡུག་ན། བཟང་ན་ངན་ན་སྐྱབས་དཀོན་མཆོག་གསུམ་མ་གཏོགས་རེ་ས་ཡོད་ནི་མ་རེད། དེ་ཁྱེད་ཚོས་བརྗེད་མི་ཉན། བཀྲ་ཤིས་བདེ་ལེགས།།
Comments
Post a Comment