017 བློ་བཟང་འཇམ་དབྱངས།



བློ་བཟང་འཇམ་དབྱངས།

གནས་ཚུལ་བྱུང་ཚེས། - January 14, 2012

རྟགས། - Male

ས་གནས། - རྔ་པ་རྫོང་མཁར་གྱི་བཞི་མདོའི་གསང་སྤྱོད་།

ལོ། - 21

མ་མིང། - ལྷ་ཆུང་།

ཕ་མིང། - རྒྱ་མཚོ།

སྐྱེས་ཡུལ། - བོད་ཨ་མདོ་རྔ་པའི་ཨ་འདུས་ཥེ་བ་སྡེ་བ།

འཚོ་ཐབས། - ཞིང་པ།

ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།


གནས་སྟངས་རྒྱས་པ། -

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༤ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡།༣༠ ཙམ་ལ་བོད་ཨ་མདོ་རྔ་པའི་ཨ་འདུས་ཥེ་བ་སྡེ་བའི་ཕ་རྒྱ་མཚོ་དང་། མ་ལྷ་ཆུང་གཉིས་ཀྱི་བུ་རང་ལོ་ ༢༡ ཡིན་པ་བློ་བཟང་འཇམ་དབྱངས་ལགས་ཀྱིས་རྔ་པ་རྫོང་མཁར་གྱི་བཞི་མདོའི་གསང་སྤྱོད་ཞིག་ནང་ནས་རང་ལུས་ལ་ས་སྣུམ་བླུགས་ཏེ་མེར་སྲེག་བཏང་རྗེས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས། ཞེས་པའི་འབོད་ཚིག་སྒྲོག་བཞིན་གོམ་བགྲོད་བྱས་ཡོད་པ་དང༌། སྐབས་དེར་གཡས་གཡོན་གྱི་ཉེན་རྟོག་པ་དང་དམག་མི་རྣམས་ཀྱིས་ཁོང་གི་མེ་གསོད་རྒྱུའི་ཚབ་ཏུ་ལྕགས་མདུང་འཛེར་མ་ཅན་སོགས་ཀྱིས་གཅར་རྡུང་དྲག་པོ་བཏང་བ་དང༌། རས་དཀར་པོ་ཞིག་གིས་བཀབ་ནས་ཉེན་རྟོག་པ་དང་དམག་མིས་རྡོག་རྫིས་བཏང་བ་སོགས་དེར་ཡོད་བོད་མི་རྣམས་ཀྱིས་བཟོད་ཐབས་བྲལ་ནས་རང་སྲོག་ལ་མ་འཛེམ་པར་གོ་མཚོན་ཅི་རིགས་ཐོག་པའི་དམག་དཔུང་གི་གདོང་ལ་ལངས་ནས་ཁོང་ང་ཚོར་རྩིས་སྤྲོད་དགོས་ཚུལ་ཤུགས་ཆེ་བཤད་དེ་ཁོང་བཙན་ཁྲིད་བྱེད་པའི་ལམ་ཁ་རང་ནུས་གང་ཡོད་ཀྱིས་བཀག་ཀྱང། མི་མང་གི་རེ་འདུན་ལ་ཉན་འཇོག་རྩ་བ་ནས་བྱས་མེད་པ་མ་ཟད། མི་མང་གང་བྱུང་འཛིན་བཟུང་དང་གཅར་རྡུང་བྱས་ཤིང༌། ལྕགས་མདུང་འཛེར་མ་ཅན་བེད་སྤྱོད་ཀྱིས་གཅར་རྡུང་ཕོག་པའི་མི་མང་པོར་རྨས་སྐྱོན་ཚབས་ཆེན་བཟོས་ཡོད། རྨེའུ་རུ་མའི་རུ་ཆེན་གཉིས་པའི་དགའ་ཚང་གི་ཆོས་ཀྱི་ཟླ་བ་རྔ་པ་རྫོང་སྨན་ཁང་དུ་ཡོད་པ་དེ་ནས་ཕན་ནུས་དེ་ཙམ་མ་ཐོན་པར་ས་གནས་གཞན་གྱི་སྨན་ཁང་དུ་སོང་ཡོད་ཀྱང་། ཕལ་ཆེར་གསོན་པོ་ཡོང་རེ་མེད་པ་ལྟ་བུའི་གནས་སྟངས་ཛ་དྲག་ཏུ་གྱུར་འདུག དེ་བཞིན་ན་གཞོན་གཉིས་ལ་གཅར་རྡུང་སྐབས་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཅིང༌། བུད་མེད་གཅིག་གི་མིག་ཡ་གཅིག་ལོང་བ་བཟོས་ཡོད་འདུག མེ་མདས་རྨས་སྐྱོན་ཕོག་པ་བུད་མེད་གཉིས་ལས་གཞན་གསལ་པོ་ཤེས་རྟོགས་མ་བྱུང་ཀྱང་དེ་ལས་མང་བ་ཡོད་འདུག མི་མང་གི་མཐོང་སར་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་ཀྱང་མིང་སོགས་གསལ་པོ་ཤེས་རྟོགས་མ་ཐུབ། ཕྱི་ཚེས་ ༡༥ ཉིན་རྔ་པའི་ཁྲོམ་གཞུང་སོགས་ལ་བོད་མི་ཚོར་འཇིགས་སྐུལ་གྱི་སྦྱར་ཡིག་ཆེན་པོ་མང་པོ་སྦྱར་ཞིང། དམག་མི་དང་ཉེན་རྟོག་པས་ཁྲོམ་གཞུང་སོགས་ལ་དོགས་ཟོན་ནན་མོ་བྱས་ནས་ཡོད་ཀྱང་། ཉིན་དེར་རྔ་པའི་ཁྲོམ་གཞུང་སོགས་ལ་བོད་མི་ཚོས་ལོ་གསར་ཚེས་གཅིག་ཉིན་ཚོང་ཁང་དང་ཟ་ཁང་ཚང་མ་སྒོ་ཕྱེ་སྟེ་མྱ་ངན་གྱིས་ལོ་གསར་པ་བསུ་དགོས་ཚུལ་འཁོད་པའི་ཡི་གེ་མང་པོ་གཏོར་ཡོད་འདུག གོང་དུ་བཤད་པ་ལྟར་རང་ལུས་མེར་སྲེག་གཏོང་མཁན་ཁོང་སྐབས་དེར་ཉེན་རྟོག་པ་སོགས་ཀྱིས་གཅར་རྡུང་ཚད་མེད་བྱས་པ་སོགས་ལ་བརྟེན། ཕྱི་ཚེས་ ༡༦ ཉིན་ཁོང་འབར་ཁམས་དུ་སྐུ་ཚེ་མ་ཟིན་པ་དང། ཕྱི་ཚེས་ ༡༧ ཉིན་ཁོང་གི་ཕ་དམ་པ་རྒྱ་མཚོ་དང་གཉེན་ཉེ་སྐོར་ཞིག་འབར་ཁམས་ལ་སྐུ་ཕུང་ལེན་ཏུ་སོང་ཡོད་ཀྱང་། ལག་སོན་བྱུང་མེད་པར་སྔར་བཞིན་རུས་ཐལ་ཞིག་མ་གཏོགས་གང་ཡང་རགས་མེད། རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་བློ་བཟང་འཇམ་དབྱངས་ལགས་ཆུང་ཆུང་སྐབས་ཨ་འདུས་དགོན་པར་གྲྭ་པ་བྱས་ཤིང༌། རྗེས་སུ་རྔ་པ་རྫོང་བོན་ཚེ་སློབ་གྲྭ་༼སློབ་ཆུང་གསུམ་པ་༽སོགས་སློབ་མཐར་ཕྱིན་ཡོད། ཕྱི་ཟླ་ ༤ ཚེས་ ༡༧ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བརྒྱུད་ནས་དམ་པ་དེའི་བརྙན་པར་ཞིག་ཐོན་ཡོད།

Comments

Post a Comment