རིག་འཛིན་རྡོ་རྗེེ།
གནས་ཚུལ་བྱུང་ཚེས། - February 8, 2012
རྟགས། - Male
ས་གནས། - རྔ་པའི་སློབ་ཆུང་གཉིས་པ་ཡོད་སའི་གཞུང་ལམ་ཐོག
ལོ། - 19
མ་མིང། - དུང་དཀར།
ཕ་མིང། - བརྩོན་ཁོ།
སྐྱེས་ཡུལ། - བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ།
འཚོ་ཐབས། - འབྲོག་ལས།
ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ ཉིན་དགོང་མོའི་ཆུ་ཚོད་ ༦།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་མགར་བའི་ཕ་བརྩོན་ཁོ་དང༌། མ་དུང་དཀར་གཉིས་ཀྱི་བུ་རང་ལོ་ ༡༩ ཡིན་པ་རིག་འཛིན་རྡོ་རྗེ་ལགས་ཀྱིས་༼རྒྱུན་དུ་རིག་པེ་ཟེར་༽ རྔ་པའི་སློབ་ཆུང་གཉིས་པ་ཡོད་སའི་གཞུང་ལམ་ཐོག་རང་ལུས་མེར་སྲེག་བཏང་རྗེས་རྒྱ་གཞུང་གི་ས་གནས་ཉེན་རྟོག་པ་དང་དམག་མིས་བཙན་ཁྲིད་བྱས་ཏེ། སྐབས་དེར་རྔ་པའི་སྨན་ཁང་དུ་ཁྱེར་ཞིང་། དེ་རྗེས་འབར་ཁམས་སུ་ཁྱེར་ནས་ཕྱི་ཟླ ༢ ཚེས་ ༢༡ ཉིན་གྱི་དགོང་མོར་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་སུ་སྨན་ཁང་ཞིག་ནང་འདས་གྲོངས་སུ་གྱུར་འདུག འབྲེལ་ཡོད་ཚོས་འབར་ཁམས་སུ་སོང་ནས་སྐུ་ཕུང་ཚུར་ལེན་ཐབས་བྱས་ཀྱང། རྒྱ་གཞུང་གིས་ཕུང་པོ་ཚུར་མ་སྤྲད་པར་ས་གནས་དེར་མེ་སྲེག་བྱས་ནས་རུས་ཐལ་ཞིག་ནང་མིར་སྤྲད་འདུག བོད་རང་གི་སྲོལ་རྒྱུན་གྱི་འགྲོ་ལུགས་དང་མཐུན་པར་དཀར་ཆོས་སོགས་གང་ཡང་བྱེད་ཐུབ་མེད་པར་མ་ཟད། ཡུལ་མི་རྣམས་མཉམ་འཛོམས་ཀྱིས་ཉིན་གཅིག་རིང་གཤིན་པོའི་ཆེད་མ་ཎི་དང་བསྔོ་སྨོན་ཚོགས་སྲོལ་ཡོད་པ་དེ་ཡང་ཚོགས་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག གཞན་ཡང་སྐབས་དེར་ཀིརྟི་དགོན་པ་དང་བསེ་དགོན་པ་གཉིས་གཙོ་བོར་གྱུར་བའི་རྔ་པའི་སྟོད་སྨད་བར་གསུམ་གྱི་དགོན་པ་ཁག་དང་གྲོང་སྡེ་རྣམས་སུ་དམ་བསྒྲགས་ཤུགས་ཆེ་བྱས་འདུག ཁོང་གི་ཁྱིམ་ལ་ནང་མི་བརྒྱད་དང༌། ཕ་མ་གཅིག་པའི་མིང་སྲིང་དྲུག་ཡོད་པའི་ཁོངས་ནས་ཁོང་ཆུང་ཤོས་ཡིན་པ་དང༌། མི་གཤིས་ཉམ་ཆུང་དང་དགེ་འདུན་པ་ཡིན་སྐབས། རྒྱུན་དུ་ཕུག་རོན་མང་པོ་གསོ་སྐྱོང་བྱེད་རྒྱུར་ཧ་ཅང་དགའ་བའི་མི་བྱམས་སེམས་ཅན། སྐབས་བབ་ཀྱི་ལས་ཀ་ག་རེ་ཡིན་ཡང་ཧུར་བརྩོན་ཆེན་པོས་མ་འགྲུབ་བར་དུ་འབད་པ་བྱེད་མཁན་ཞིག་ཡིན་འདུག ཁོང་དེ་སྔོན་ཆུང་ཆུང་སྐབས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་མྱོང་ཞིང་། ཕྱི་ལོ་ ༢༠༡༠ ལོར་ནས་ཕ་མ་གཉིས་དང་མཉམ་དུ་འབྲོག་ལས་གྱི་འཚོ་བ་རོལ་ནས་བཞུགས་པ་ཡིན་ཅིང༌། ཁོང་གི་འདྲ་པར་སྐབས་དེར་ལག་སོན་མ་བྱུང་མེད་ཀྱང། ཕྱི་འབྱོར་བའི་དེ་ཁོང་གྲྭ་པ་ཡིན་སྐབས་མ་གཏོགས་རང་ལུས་མེར་སྲེག་གཏོང་སྐབས་ཁོང་མི་སྐྱ་ཡིན་འདུག ཁོང་གི་ཕ་གཅིག་པའི་སྤུན་རབ་བརྟན་ཟེར་བ་ཞིག་ཕྱི་ལོ་ ༢༠༡༡ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཡོད་པ་དེང་སྐབས་ཀིརྟིའི་བྱེས་པ་གྲྭ་ཚང་དུ་སློབ་གཉེར་བྱེད་མུས་ཡིན་འདུག
Comments
Post a Comment