སྣང་གྲོལ།
གནས་ཚུལ་བྱུང་ཚེས། - February 19, 2012
རྟགས། - Male
ས་གནས། - ཇོ་ནང་ཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་ས།
ལོ། - 18
མ་མིང། - སྙིང་མོ།
ཕ་མིང། - སྤྱན་གཟིགས།
སྐྱེས་ཡུལ། - མདོ་སྨད་རྔ་པ་ཁུལ་ཛམ་ཐང་རྗོངབར་མ་ཡུལ་ཚོ་ཆོས་རྗེ་སྡེ་བ།
འཚོ་ཐབས། - འབྲོག་ལས།
ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༩ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༢ པ་ཙམ་ལ་མདོ་སྨད་རྔ་པ་ཁུལ་ཛམ་ཐང་བར་མ་ཡུལ་ཚོ་ཆོས་རྗེ་སྡེ་པ་ནས་ཡིན་པའི་ཕ་སྤྱན་གཟིགས་དང༌། མ་སྙིང་མོ་གཉིས་ཀྱི་བུ་རང་ལོ་ ༡༨ ཡིན་པ་སྣང་གྲོལ་ལགས་ཀྱིས་ཇོ་ནང་ཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་སུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱས་ནས་འདས་གྲོངས་སུ་གྱུར་འདུག ཁོང་གི་སྐུ་ལུས་མེར་སྲེག་གཏོང་སྐབས་ས་གནས་ཉེན་རྟོག་པ་སླེབས་ཏེ་ཁོང་གི་སྐུ་ཕུང་བཙན་འཕྲོག་བྱེད་རྩིས་བྱས་ཀྱང། སྐབས་དེར་ཇོ་ནང་དགོན་པའི་དགེ་འདུན་པ་མང་པོ་འབྱོར་ཏེ་ཉེན་རྟོག་པའི་ལག་ནས་སྐུ་ཕུང་ཕྲོགས་ཏེ། ཛམ་ཐང་དགོན་ཆེན་དུ་ཁྱེར་ཏེ་འཕོ་ལུང་དང་བསྔོ་སྨོན་སོགས་བཏོན་འདུག དེ་རྗེས་ས་གནས་གང་ནས་འབྱོར་མིན་མི་ཤེས་པའི་དམག་མི་ཕོན་ཆེན་ཞིག་ཛམ་ཐང་དགོན་པར་འབྱོར་ཡོད་པ་དང༌། དེ་བཞིན་རྫོང་གི་ཉེན་རྟོག་པ་དང་ལས་བྱེད་ཚོས་བཙན་བཀའ་བཏང་སྟེ་རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་དེ་ཉིན་དགོང་མོ་གང་མགྱོགས་ཞུགས་འབུལ་བྱེད་དགོས། གལ་སྲིད་དེ་ལྟར་མ་བྱས་ཚེ་ཕྱིར་བཙན་འཕྲོག་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་པའི་རྐྱེན་གྱིས་དགོང་མོ་བོད་ནང་གི་ཆུ་ཚོད་ ༡ སྟེང་རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་དགོན་པའི་ཉེ་འཁྲིས་རི་འདབས་ཀྱི་དུར་ཁྲོད་ནང་ཞུགས་འབུལ་བྱ་རྒྱུ་ཡིན་པར་བརྟེན། ཛམ་ཐང་དགོན་ཆེན་དུ་ཛམ་ཐང་དགོན་པའི་དགེ་འདུན་འདུས་མང་དང༌། དེ་བཞིན་ཛམ་ཐང་ས་ཁུལ་གྱི་དགོན་སྡེ་གཞན་དག་ནས་ཀྱང་གྲྭ་བཙུན་མང་པོ་འབྱོར་ཡོད། སྐབས་དེར་དགོན་པའི་ཉེ་འདབས་ཀྱི་དུར་ཁྲོད་ནང་གྲྭ་བཙུན་ ༡༠༠༠ ལྷག་འཛོམས་ཡོད་པ་མ་ཟད། ས་གནས་མང་ཚོགས་ཀྱང་ཧ་ཅང་མང་པོ་སླེབས་ཡོད་སྟབས། རྒྱ་གཞུང་གིས་དྲག་ཆས་དམག་མི་མང་པོ་བཏང་སྟེ་དགོན་པའི་ཉེ་འདབས་དུར་ཁྲོད་ཀྱི་མཐའ་ཡོངས་སུ་བསྐོར་ཏེ་དམ་བསྒྲགས་ཤུགས་ཆེན་པོ་བྱས་འདུག ལས་འགུལ་མ་རྩོམ་པའི་གོང་རོལ་དུ་རྒྱལ་གཅེས་པ་སྣང་གྲོལ་ལགས་ཀྱི་ཞལ་ཆེམས་ཡི་གེ་ཞིག་ཀྱང་བཞག་ཡོད་པའི་ནང༌། ཁོང་གིས་བོད་ཁ་བ་གངས་ཅན་པའི་ཆེད་དུ་རང་སྲོག་བློས་གཏོང་བྱས་པས། ནང་མི་ཉེ་འབྲེལ་ཚང་མས་ངའི་ཆེད་དུ་སེམས་ཁྲལ་དང་ཡིད་སྐྱོ་མ་གནང་རོགས། ཞེས་སོགས་བྲིས་ཡོད་འདུག སྤྱན་གཟིགས་ཚང་ལ་བུ་ཕྲུག་བརྒྱད་ཡོད་པའི་ནང་ནས་ཁོང་ནི་བཞི་པ་དེ་ཡིན་འདུག ཁོང་ལས་ཆེ་བ་བུ་མོ་གཉིས་དང༌། བུ་གཅིག་ཡོད་པ་ཡིན་འདུག ཕྱིས་སུ་ཁོང་གི་སྐོར་བརྙན་པར་ཕྱི་དྲིལ་ལས་ཁུངས་སུ་འབྱོར་ཡོད།
Last Words:
ལ་རྒྱའི་སྙིང་སྟོབས་མ་ཞན་མགོ་བོ་ཁྱོགས། མིང་སྣང་གྲོལ་ང་ཡི་ལ་རྒྱ། ངའི་དྲིན་ཅན་ཕ་ལོ་མ་ལོ༌། ངའི་འདང་ཅན་ཕུ་ནུ་ཉེ་འཁོར། ང་མི་འདུག་འགྲོ་རན་བྱུང་ཐལ། ངས་དྲིན་ཅན་བོད་མིའི་དོན་ལ། ངའི་ཚེ་སྲོག་མེ་ལ་བསྐུར་ནས། བོད་མི་རིགས་ཕོ་མོ་རྣམ་པ། བུ་ང་ཡི་དགོས། དུད་འགྲོ་ལ་སྙིང་རྗེ་སྒོམ་དགོས། སེམས་ཅན་གྱི་ཚེ་སྲོག་ལ་འཛེམ་དགོས། རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག བོད་གངས་ཅན་གྱི་བླ་སྤྲུལ་མཁན་པོ་སོགས་ཀྱི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མི་རིགས་རྒྱ་ངན་འདིའི་འོག་ནས་ཐར་བར་ཤོག རྒྱ་ངན་འདིའི་འོག་ནས་བོད་ལ་སྡུག་བསྔལ་ཆེ། སྡུག་བསྔལ་དེ་བཟོད་ཐབས་ཧ་ཅང་དཀའ། རྒྱ་ངན་འདིས་བོད་པ་བཙན་བཟུང་བྱེད། ཁྲིམས་ངན་འདིའི་འོག་ནས་འདུག་ཐབས་མེད། རྨ་མེད་པའི་གཅར་རྡུང་བཟོད་ཀྱི་དཀའ། རྒྱ་ངན་དེར་བྱམས་དང་སྙིང་རྗེ་མེད། མཐའ་གཞུག་ལ་བོད་ཀྱི་ཚེ་སྲོག་བཅད། ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག
Comments
Post a Comment