024 ཚེ་རིང་སྐྱིད།



ཚེ་རིང་སྐྱིད།

གནས་ཚུལ་བྱུང་ཚེས། - March 3, 2012

རྟགས། - Female

ས་གནས། - རྨ་ཆུ་ལམ་གྱི་སྔོ་ཚལ་ཁྲོམ།

ལོ། - 19

མ་མིང། - ལྷ་དབྱངས།

ཕ་མིང། - བསོད་ནམས་ཡེ་ཤེས།

སྐྱེས་ཡུལ། - རྨ་ཆུ་རྫོང་ཁྲོ་ཁོ་སྨད་མ་ཞང་བྲག་ཐོ་རུ་ཆེན།

འཚོ་ཐབས། - སློབ་མ།

ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།


གནས་སྟངས་རྒྱས་པ། -

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་གུང་ཕྱེད་ཡོལ་གྱི་བོད་ནང་གི་ཆུ་ཚོད་ ༣ པ་ཡོལ་ཙམ་དུ་རྨ་ཆུ་རྫོང་ཁྲོ་ཁོ་སྨད་མ་ཞང་བྲག་ཐོ་རུ་ཆེན་གྱི་ཕ་བསོད་ནམས་ཡེ་ཤེས་དང། མ་ལྷ་དབྱངས་གཉིས་ཀྱི་བུ་མོ་རང་ལོ་ ༡༩ ཡིན་པ་རྨ་ཆུ་རྫོང་སློབ་འབྲིང་གི་སློབ་མ་ཚེ་རིང་སྐྱིད་ལགས་ཀྱིས་རྨ་ཆུ་ལམ་གྱི་སྔོ་ཚལ་ཁྲོམ་རའི་གསང་སྤྱོད་ཞིག་ནང་གཟུགས་པོར་སྲིན་བལ་དཀྲིས་ཤིང་དེའི་སྟེང་ལྕགས་སྐུད་ཀྱིས་བསྡམས་ནས་དེའི་སྟེང་སྣུམ་བླུགས་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་ཆེད་ཁྲོམ་གཞུང་ཕྱོགས་སུ་ཐོན་སྐབས། མེ་ལྕེའི་ཁྲོད་ནས་ཁུ་ཚུར་གནམ་ལ་སྒྲེང་བཞིན་འབོད་ཚིག་སྒྲོགས་པ་ཙམ་ལས་འབོད་ཚིག་ཅི་ཞིག་སྒྲོགས་ཡོད་མེད་གསལ་པོ་གོ་ཐུབ་མེད། ཁོང་ལ་སྔོ་ཚལ་འཚོང་མཁན་གྱི་རྒྱ་རིགས་ཚོང་པ་ཚོས་རྡོ་རུབ་བརྒྱབ་ཡོད་པ་མ་ཟད། དྲག་ཆས་ཉེན་རྟོག་པའང་བསླེབས་ནས་རྡོ་དང་ལྕགས་དབྱུག་གཞུས་ཏེ་མེ་བསད་ཡོད་ཀྱང་ས་གནས་དེར་འདས་གྲོངས་སུ་གྱུར་འདུག ཁོང་གི་སྐུ་ཕུང་ཉེན་རྟོག་པས་ནང་མིར་རྩིས་སྤྲོད་བྱས་མི་འདུག སྐབས་དེར་ས་གནས་ཉེན་རྟོག་པས་སྔོ་ཚལ་ར་བའི་སྒོ་ཆེན་བརྒྱབ་ཏེ་མི་ཚང་མའི་ཁ་པར་སྔོག་བཤེར་གྱིས་མེར་སྲེག་གི་པར་རིགས་ཡོད་མེད་ཞིབ་རྩད་ཀྱིས་ཚོགས་འདུ་བསྐོང་སྟེ་བཟའ་འཁོན་གྱིས་མེར་སྲེག་བཏང་བ་ཡིན་ཚུལ་བསྒྲགས་འདུག ཁ་འཁྲུག་གཏོར་བརླགས་རིགས་བཤད་མི་ཆོག་ཚུལ་དང་སོ་སོའི་ཁ་ལ་བདག་པོ་རྒྱག་དགོས་པའི་འཇིགས་སྐུལ་བྱས་པ་དང༌། ཉིན་དེའི་དགོང་མོར་རྨ་ཆུ་རྫོང་གི་ལས་ཁུངས་ཆེ་བ་བཞི་ཛ་དྲག་ཐོག་ཚོགས་ཏེ་གནས་ཚུལ་ཁ་བསྒྱུར་དང་གསང་སྦས་བྱེད་ཕྱོགས། དེ་བཞིན་དོན་རྐྱེན་དེའི་རྒྱབ་ལྗོངས་ཞིབ་བཤེར་དང་སྔོན་འགོག་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག ཕྱི་ཚེས་ ༤ ཉིན་ནས་བཟུང་རྨ་ཆུ་རྫོང་སློབ་འབྲིང་དུ་དམག་མིས་དམ་བསྒྲགས་བྱས་ཏེ་ཕྱི་མིར་ཐུག་འཕྲད་བྱ་རྒྱུ་དང་ཁ་པར་རྒྱུད་ལམ་སོགས་ཡོངས་སུ་བཀག་འགོག་བྱས་ཡོད་པ་མ་ཟད། རྨ་ཆུ་རྫོང་གྲོང་མཁར་དུ་གནས་སྡོད་བོད་ཁྱིམ་ཁག་ནང་སྔོག་བཤེར་གྱིས་དྲ་རྒྱའི་བརྒྱུད་ལམ་རིགས་ལ་བཀག་བསྡོམས་དང་དྲ་སྐུད་བཀོག་འཁྱེར་བྱས་འདུག

Comments

Post a Comment