དགེ་པེ།
གནས་ཚུལ་བྱུང་ཚེས། - March 10, 2012
རྟགས། - Male
ཁུངས། - རྔ་པ་ཀིརྟི་དགོན།
ས་གནས། - བཅིངས་འགྲོལ་དམག་སྒར།
ལོ། - 18
མ་མིང། - ཆ་ཁོ།
ཕ་མིང། - ཚེ་འདས་ཕྱག་རྡོར།
སྐྱེས་ཡུལ། - རྔ་པ་རྫོང་ཚོས་རྗེ་མ་ཞང་སོ་རུ་སྡེ་བ།
འཚོ་ཐབས། - དགེ་འདུན་པ།
ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།
གནས་སྟངས་རྒྱས་པ། -
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད ༥ པ་ཙམ་ལ་རྔ་པ་རྫོང་ཚོས་རྗེ་མ་ཞང་སོ་རུ་སྡེ་བ་པའི་ཕ་ཕྱག་རྡོར་དང༌། མ་ཆ་ཁོ་གཉིས་ཀྱི་བུ་རང་ལོ་ ༡༨ ཡིན་པ་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ་དགེ་པེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་འདུག ཁོང་གིས་རང་ལུས་མེར་སྲེག་གཏོང་ས་དེ་ཕྱི་ལོ་ ༡༩༥༠ ཙམ་ལ་བཅིངས་འགྲོལ་དམག་མི་རྣམས་ཆེས་ཐོག་མར་སླེབས་པའི་དམག་སྒར་ལྟག་རྒྱབ་ཡིན་སྟབས། ཁོང་གི་ཕུང་པོ་དམག་མིས་དམག་སྒར་དུ་ཁྱེར་ཡོད། ཕྱི་ཚེས་ ༡༡ ཉིན་འབྲེལ་ཡོད་མི་མང་སྐོར་ཞིག་གིས་དམག་མིར་ཁོང་གི་ཕུང་པོ་ནང་མི་ལ་སྤྲོད་དགོས་པའི་རེ་འདུན་བཏོན་ཅིང༌། ཁ་རྩོད་མང་པོ་བྱས་མཐར་ཕྱི་ཚེས་ ༡༡ ཉིན་གྱི་མཚན་མོ་རྔ་པ་ནས་མེར་སྲེག་གཏོང་རྒྱུ་དང་དེར་འབྲེལ་ཡོད་མི་ལྔ་ཡོང་ཆོག་པའི་མཐའ་མའི་ཐག་གཅོད་བྱས་པ་ལྟར། མཚན་མོའི་ཆུ་ཚོད་ ༡༠ ཙམ་ལ་ཕུང་པོ་དང་འབྲེལ་ཡོད་བོད་མི་རྣམས་དམག་མིས་སྔ་ཕྱི་དམ་བསྒྲགས་ཆེན་པོའི་འོག་དུར་སའི་ནང་མེར་སྲེག་བཏང་ཡོད་པ་ལས། བོད་པ་རང་གི་སྲོལ་རྒྱུན་གྱི་གཤིན་པོའི་ཆོ་ག་སྒྲུབ་ལུགས་ལྟར་གྱི་རྩིས་བཤམས་ནས་སྐར་མ་ལྟ་བ་དང་སྐར་བཅོས་བྱེད་པ་སོགས་གང་ཡང་བྱེད་དབང་བྱུང་མེད། དགེ་པེ་ཁོང་ནི་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བ་ཞེས་པའི་འབྲོག་སྡེ་ཞིག་ནས་སྐྱེས་ཏེ་ལོ་ན་ཆུང་དུས་ནས་རྔ་པ་ཀིརྟི་དགོན་དུ་ཆོས་ཞུགས་ཀྱི་ད་ལོ་ཁ་དོག་གོང་མའི་འཛིན་གྲྭར་སླེབས་འདུག ཁོང་གི་ཨ་ཕ་ཕྱག་རྡོར་ལོ་ཤས་སྔོན་ནད་མནར་གྱིས་འདས་གྲོངས་སུ་གྱུར་པ་དང༌། ད་ཆ་ཤུལ་དུ་ཨ་མ་ལགས་དང་ཕ་མ་གཅིག་པའི་སྤུན་གྲྭ་པ་གཉིས་ཏེ་ནང་མི་གསུམ་ཡོད་འདུག ཁོང་གི་ཨ་མ་ཆཱ་ཁོ་ཕྱི་ཚེས་ ༡༡ དང་ ༡༢ ཉིན་སོ་སོར་སྔ་དྲོ་ནས་ཕྱི་དྲོ་བར་རྫོང་གི་ཉེན་རྟོག་པ་རྣམས་ཀྱིས་ཁྲིད་ནས་འདྲི་རྩད་སྣ་ཚོགས་བྱས་འདུག རྔ་པའི་བོད་མི་བྱིངས་ཀྱིས་ཕྱི་ཚེས་ ༡༢ ཉིན་མ་གཏོགས་གནས་ཚུལ་གསལ་པོ་ཧ་གོ་མེད་ཅིང། དེ་ཉིན་རྔ་པ་རྫོང་མཁར་གྱི་བོད་པའི་ཟ་ཁང་དང་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་ནས་གདུང་སེམས་མཉམ་སྐྱེའི་རྣམ་པ་ཤུགས་ཆེ་བསྟན་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་དམག་མི་དང་དྲག་ཆས་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་སོགས་ས་ཆ་གང་སར་སྔར་ལས་མང་བ་འགྲེམས་འཇོག་གིས་དམ་བསྒྲགས་ལྟ་སྲུང་བྱས་ཡོད་འདུག
Comments
Post a Comment