029 བློ་བཟང་ཚུལ་ཁྲིམས།




བློ་བཟང་ཚུལ་ཁྲིམས།

གནས་ཚུལ་བྱུང་ཚེས། - March 16, 2012

རྟགས། - Male

ཁུངས། - རྔ་པ་ཀིརྟི་དགོན།

ས་གནས། - རྔ་པ་རྫོང་མཁར་སྟོད་ཕྱོགས་ཀྱི་གཞུང་ལམ།

ལོ། - 20

མ་མིང། - ཚེ་སྒྲོན།

ཕ་མིང། - ཡེ་ཤེས།

སྐྱེས་ཡུལ། - རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བ།

འཚོ་ཐབས། - དགེ་འདུན་པ།

ད་ལྟའི་གནས་སྟངས། - འདས་གྲོངས་ཕྱིན།


གནས་སྟངས་རྒྱས་པ། -

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༥ པ་ཙམ་ལ་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་ཕ་ཡེ་ཤེས་དང༌། མ་ཚེ་སྒྲོན་གཉིས་ཀྱི་བུ་རང་ལོ་ ༢༠ ཡིན་པ་རྔ་པ་ཀིརྟི་དགོན་པའི་རྒྱུད་པ་གྲྭ་ཚང་གི་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རྔ་པ་རྫོང་མཁར་སྟོད་ཕྱོགས་ཀྱི་གཞུང་ལམ་ནས་ངོ་རྒོལ་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་འདུག ཁོང་གིས་རང་ལུས་མེར་སྲེག་གཏོང་ས་ནས་གོམ་འགྲོས་བྱེད་བཞིན་པའི་སྐབས་དེར་མདུན་ཕྱོགས་ནས་དྲག་ཆས་ཉེན་རྟོག་པ་སོགས་རྒྱུགས་ཡོང་སྐབས། ཁོང་གིས་ཁ་ཕྱིར་འཁོར་ནས་སྐད་འབོད་བྱེད་བཞིན་རྒྱུགས་ཡོད་ཀྱང༌། སྐབས་དེར་དེའི་ཕྱོགས་ཀྱི་ཉེན་རྟོག་པ་ཞིག་གིས་ཁོང་ལ་གཞུས་ནས་ཐང་ལ་འགྱེལ་འདུག དེ་རྗེས་ཁོང་གི་སྐུ་ལུས་ལ་འབར་བཞིན་པའི་མེ་བསད་དེ་བཙན་ཁྲིད་བྱས་ཡོད་ཅིང། རླངས་འཁོར་གྱི་སྒམ་ཤིང་ནང་དུ་གཡུག་སྟེ་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་མནན་ནས་འགྲོ་སྐབས་ཀྱང་། ཁུ་ཚུར་གནམ་ལ་སྒྲེང་བཞིན་སྐད་འབོད་བྱས་ཡོད་པ་དངོས་སུ་མཐོང་ཡོད་ཀྱང་། ཁོང་གིས་འབོད་ཚིག་ཅི་ཞིག་སྒྲོག་ཡོད་མེད་ཤེས་རྟོགས་བྱུང་མི་འདུག ཁོང་གི་ཁྱིམ་ལ་མིང་སྲིང་བཞི་ཡོད་པའི་ནང་གི་ཆེ་ཤོས་ཡིན་འདུག ཁོང་ལོ་ན་བརྒྱད་ཙམ་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་གནང་བའི་སྐབས་དེར། ཀིརྟི་དགོན་པའི་ནང་བསྟན་གཞོན་ནུའི་རིག་སློབ་ཁང་ཞེས་པའི་ཀིརྟི་དགོན་པའི་སློབ་གྲྭའི་ནང་འཛུལ་ཞུགས་བྱས་ཤིང་རྗེས་སུ་ཕྱི་ལོ་ ༢༠༠༣ ལོར་སློབ་གྲྭ་སྒོ་བརྒྱབ་རྗེས་གསང་སྔགས་རྒྱུད་པ་གྲྭ་ཚང་དུ་ཞུགས་ནས་འདོན་ཆོས་སྤྱོད་སོགས་ལ་སློབ་སྦྱོང་རྩེར་སོན་གྱི་གྲས་ཤིག་དང་ཉམ་ཆུང་ཚུལ་མཐུན་ཞིག་ཡིན་འདུག དེ་བཞིན་རྔ་པ་རྫོང་མཁར་དུ་ཡོང་སའི་ལམ་ཆེ་ཆུང་ཚང་མར་ཞིབ་བཤེར་ས་ཚིགས་བཙུགས་ནས་དམ་བསྒྲགས་བྱས་ཡོད་ཀྱང་། ཉིན་གསུམ་རིང་རྔ་པ་མི་མང་གིས་གདུང་སེམས་མཉམ་སྐྱེ་མཚོན་ཆེད་བོད་པའི་ཟ་ཁང་དང་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་ནས་མྱ་ངན་གྱི་རྣམ་པ་ཤུགས་ཆེན་པོ་ཞིག་བསྟན་ཡོད། དེ་བཞིན་ཕྱི་ཚེས་ ༡༩ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་མང་གིས་དང་བླངས་སྒོས་གཞུང་ཆེན་ཁག་སྐྱོར་སྦྱོང་གནང་སྟེ་མཚན་ཕུད་བྱས་ཡོད་འདུག ཁོང་གིས་ངོ་རྒོལ་སྐད་འབོད་གནང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་ནའང་། ཟླ་བ་དེའི་ཚེས་ ༡༩ ཉིན་རྔ་པ་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་འདས་གྲོངས་སུ་གྱུར་ཞིང་ཉིན་དེར་རྒྱ་གཞུང་གིས་ཁོང་གི་ཕུང་པོ་འབར་ཁམས་ནས་མེར་སྲེག་བཏང་སྟེ་རུས་ཐལ་ཞིག་ནང་མིར་སྤྲད་ཡོད་པ་དེ་ཉིན་གྱི་མཚན་མོ་རྔ་པ་ཀིརྟི་དགོན་པའི་ཉེ་འགྲམ་གྱི་དུར་སའི་ནང་སྐྱེལ་དགོས་བྱུང་ཡོད་འདུག

Comments

Post a Comment