028 རྡོ་རྗེ་ཚེ་བརྟན།

མིང། རྡོ་རྗེ་ཚེ་བརྟན།

གནས་ཚུལ་བྱུང་ཚེས། May 27, 2012

རྟགས། Male

ས་གནས། ལྷ་སའི་གཙུག་ལག་ཁང་མདུན་ཐང་།

མ་མིང། སྒྲོལ་དཀར་སྐྱིད།

ཕ་མིང། བན་བདེ་མཁར།

སྐྱེས་ཡུལ། མདོ་སྨད་བླ་བྲང་བསང་ཆུ་རྫོང་འབོ་ར་ཞང་དཔེ་ལུང་སྡེ་པ།

འཚོ་ཐབས། ལྷ་ས་ཉི་མའི་གླིང་ཟ་ཁང་གི་ལས་མི།

ད་ལྟའི་གནས་སྟངས། འདས་གྲོངས་ཕྱིན།

གནས་སྟངས་རྒྱས་པ། -

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༧ བོད་ནང་ཉིན་གུང་ཆུ་ཚོད་ ༢།༡༥ ཐོག་མདོ་སྨད་བླ་བྲང་བསང་ཆུ་རྫོང་འབོ་ར་ཞང་དཔེ་ལུང་སྡེ་པའི་ཕ་བན་བདེ་མཁར་དང་། མ་སྒྲོལ་དཀར་སྐྱིད་གཉིས་ཀྱི་བུ་རང་ལོ་ ༡༩ ཡིན་པ་རྡོ་རྗེ་ཚེ་བརྟན་ལགས་དང་རྔ་པ་སོ་རུ་མའི་དར་རྒྱས་ལགས་རྣམ་གཉིས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་མདུན་ཐང་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག གནས་ཚུལ་བྱུང་སྐབས་ཉེ་འཁོར་དུ་ཡོད་པའི་བོད་མི་ཚོས་ཁོང་གཉིས་ཀྱིས་འབོད་ཚིག་གསལ་པོ་གོ་ཐོས་བྱུང་མེད་ཀྱང་། ལུས་སྟེང་དུ་མེ་ལྕེ་འབར་བཞིན་པ་ཉེ་འཁོར་གྱི་བོད་མི་མང་པོས་མཐོང་འདུག ཁོང་གཉིས་ཀྱིས་རང་ལུས་མེར་སྲེག་གིས་བར་སྐོར་བསྐོར་ལམ་ནས་ཇོ་ཁང་མདུན་ཐང་བར་རྒྱུག་ཡོད་པ་དང་། ཅུང་མ་འགོར་བར་དམག་མི་དང་ཉེན་རྟོག་པ་ཡོང་སྟེ་ཁོང་གཉིས་ཀྱི་ལུས་སྟེང་གི་མེ་བསད་རྗེས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད། དུས་ཡུན་སྐར་མ་བཅོ་ལྔ་ཙམ་གྱི་རིང་གཡས་གཡོན་གྱི་མི་མང་དང་ཡུལ་སྐོར་བ་ཚང་མ་བཀག་སྡོམ་གྱིས་གནས་ཚུལ་བྱུང་ཡུལ་དུ་བཅར་མ་བཅུག་པར་གཙང་བཟོ་བྱས་ཏེ། ཕྱི་དྲོ་ཁྲོམ་སྟེགས་དང་ཚོང་ཁང་ཁག་སྒོ་བརྒྱབ་མི་ཆོག་པའི་བཙན་བཀའ་བཏང་ཡོད། ཡུལ་སྐོར་བའི་པར་ཆས་དང་ཁ་པར་སོགས་ལ་ཞིབ་བཤེར་ནན་མོ་བྱས་ཡོད་པ་མ་ཟད། བར་སྐོར་སྐོར་ལམ་གྱི་ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་ཚང་མ་བཀག་སྡོམ་བྱས་འདུག ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ས་གནས་ཉེན་རྟོག་པ་རྡོ་རྗེ་ཚེ་བརྟན་གྱི་ཕ་ཡུལ་དུ་ཞིབ་དཔྱོད་བྱེད་དུ་ཡོང་ཡོད། སྐབས་དེར་ཉེན་རྟོག་པས་ནང་མིར་ཁོང་གྲོངས་ཡོད་པའི་སྐོར་ཙམ་ལས་གཞན་གསལ་བཤད་ཅི་ཡང་བྱས་མི་འདུག རྡོ་རྗེ་ཚེ་བརྟན་ཁོང་ཆུང་དུས་འབོ་ར་སློབ་ཆུང་འགྲིམས་མྱོང་བ་དང་ལོ་ཤས་གོང་ནས་ལྷ་སར་ཡོང་སྟེ་ཁྲོམ་གཟིགས་སྒང་རྔ་པའི་ཚོང་པ་ཆུ་སྐལ་གྱིས་གཉེར་བའི་ཉི་མའི་གླིང་ཞེས་པའི་ཟ་ཁང་ཏུ་མ་བྱན་གྱི་ལས་ཀ་བྱེད་ཀྱི་ཡོད། སྔ་ལོར་ཕ་ཡུལ་དུ་ཕྱིན་སྟེ་འདི་ལོའི་ལོ་མགོར་ཕྱིར་ལོག་རྗེས་ཟ་ཁང་དེར་མུ་མཐུད་མ་བྱན་གྱི་ལས་ཀ་བྱེད་བཞིན་ཡོད་འདུག ཁོང་ལ་སྤུན་མཆེད་གསུམ་ཡོད་པའི་ཁྲོད་ཀྱི་ཆུང་བ་དེ་ཡིན་འདུག

Comments

Post a Comment