011 ཟླ་བ་ཚེ་རིང་།



ཟླ་བ་ཚེ་རིང་།

གནས་ཚུལ་བྱུང་ཚེས། - October 25, 2011

རྟགས། - Male

ཁུངས། - དཀར་མཛེས་དགོན།

ས་གནས། - དཀར་མཛེས་དགོན་པའི་སྐུ་ལྔའི་དུས་གཏོར་གྱི་གཏོར་རྒྱག་སྐབས།

ལོ། - 38

མ་མིང། - སྒྲོན་མཚོ།

ཕ་མིང། - བདེ་ལེགས།

སྐྱེས་ཡུལ། - དཀར་མཛེས་རྫོང་ཁྲེན་པན་ཤང༌རུ་ཆེན་གཉིས་པ།

འཚོ་ཐབས། - དཀར་མཛེས་དགོན་པའི་དགེ་འདུན་པ།

ད་ལྟའི་གནས་སྟངས། - སྨན་བཅོས་བྱེད་བཞིན་པ།


གནས་སྟངས་རྒྱས་པ། -

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༥ ཉིན་གྱི་སྔ་དྲོ་བོད་ནང་གི་ཆུ་ཚོད་ ༩།༣༠ ཙམ་ལ་ཕ་བདེ་ལེགས་དང་མ་ཚེ་འདས་སྒྲོན་མཚོ་གཉིས་ཀྱི་བུ་རང་ལོ་ ༣༨ ཡས་མས་ཡིན་པ་དཀར་མཛེས་དགོན་པའི་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་དཀར་མཛེས་དགོན་པའི་སྐུ་ལྔའི་དུས་གཏོར་གྱི་གཏོར་རྒྱག་སྐབས་དང་སྟབས་བསྟུན་ཏེ། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་འདུག ལོ་ལྟར་དཀར་མཛེས་དགོན་པའི་ནང་དུ་བོད་ཟླ་ ༨ པའི་ཚེས་ ༢༨ དང་ ༢༩ གཉིས་ལ། རྒྱལ་ཆེན་སྐུ་ལྔའི་དུས་གཏོར་ཚོགས་སྲོལ་ཡོད་པ་བཞིན། ལོ་འདིར་ཡང་ཚོགས་ནས་བོད་ཚེས་ ༢༩ ཉིན་འཆམ་ལྟ༌མཁན་མི་མང་ཕོན་ཆེ་འདུ་འཛོམས་བྱུང་ཡོད་པ་དང༌། འཆམ་གྲུབ་རྗེས་དགོན་པའི་རྒྱབ་ལོགས་སུ་གཏོར་རྒྱག་བྱེད་སྲོལ་ཡོད་པ་ལྟར། དེ་ཉིན་གཏོར་རྒྱག་བྱེད་རན་ནས་གྲྭ་མང་དང་མི་སྐྱ་ཚང་མ་བྲེལ་འཚུབ་ཀྱིས་གཏོར་རྒྱག་བྱེད་ཡུལ་དུ་བསྐྱོད་གྲབས་བྱེད་སྐབས། དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་ཐོག་མ་དཀར་མཛེས་དགོན་པའི་བསང་གཏོང་ས་རུ་བསང་བཏང་རྗེས་ཁོང་གིས་རང་ལུས་མེར་སྲེག་བཏང་སྟེ། ངག་ནས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་སོགས་ཀྱི་སྐད་འབོད་བརྒྱབ་ཡོད་པ་དང༌། མཚམས་དེར་མི་མང་གིས་མཐོང་སྟེ་ངུ་འབོད་དང་སྐད་ཅོར་འདྲ་མིན་བརྒྱབ་ནས། ཁོང་གིས་སྐད་འབོད་མང་པོ་ཞིག་བརྒྱབ་ཡོད་ཀྱང་མི་མང་པོས་འབོད་སྒྲ་དེ་ཙམ་གསལ་པོ་ཐོས་ཐུབ་མི་འདུག མི་མང་པོས་རུབ་ནས་སྐུ་གཟུགས་ཀྱི་མེ་གསོད་ཐུབ་ཙམ་བྱུང་བ་དང༌། དཀར་མཛེས་དགོན་པའི་རླངས་འཁོར་ནང་བླུགས་ནས་དཀར་མཛེས་རྫོང་མི་དམངས་སྨན་ཁང་དུ་ཁྲིད་སྐབས། དཀར་མཛེས་དགོན་པའི་དགེ་འདུན་པ་མང་པོ་ཞིག་མཉམ་དུ་སོང་ནས་སྨན་བཅོས་བྱས་ཀྱང༌། དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་དགོན་པའི་གྲྭ་དམངས་ལ་ང་སྨན་བཅོས་བྱེད་མ་བཅུག་རོགས། ཅེས་འབོད་སྐུལ་ཞུས་པ་དང་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱེད་རྩིས་བྱས་པས། དགེ་འདུན་པ་རྣམས་ཀྱིས་དེ་ལུགས་ཁོང་གི་མཐའ་ནས་བསྐོར་ཏེ་ཉེན་རྟོག་པ་རྣམས་དྲུང་དུ་བཅར་བཅུག་མི་འདུག གལ་སྲིད་ཉེན་རྟོག་པས་ཁོང་བཙན་གྱིས་འཛིན་བཟུང་བྱས་ན་གློ་བུར་འཁྲུག་འཛིངས་ཆེན་པོ་ཡོང་ངེས་སུ་མཐོང་ནས་ཁོང་འཛིན་བཟུང་བྱེད་ཐུབ་མེད། སྨན་བཅོས་ཕྲན་བུ་བྱས་རྗེས་སྨན་ཁང་དུ་མ་བཞག་པར་དཀར་མཛེས་དགོན་པའི་ནང་དུ་གདན་འདྲེན་ཞུས་ཡོད། དེ་ལྟར་བྱེད་དགོས་དོན་རྒྱལ་གཅེས་པ་ཟླ་བ་ཚེ་རིང་གིས་དགོན་པའི་གྲྭ་དམངས་ལ་ང་སྨན་བཅོས་བྱེད་མ་བཅུག་རོགས། ཅེས་འབོད་སྐུལ་ཞུས་པ་དང༌། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ན་ཉེས་རྡུང་ཚོད་མེད་གཏོང་ངེས་པར་བརྟེན། རྒྱ་གཞུང་གི་སྨན་ཁང་དུ་འཇོག་བློས་མ་བཟོད་པར་དཀར་མཛེས་དགོན་པའི་ནང་དུ་གདན་འདྲེན་ཞུས་པ་ཞིག་རེད་འདུག ད་ལྟའི་ཆར་གྲྭ་ཟླ་བ་ཚེ་རིང་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོའི་ཐོག་ནས་གནས་ཡོད། དགེ་འདུན་ཟླ་བ་ཚེ་རིང་ལགས་ནི། སྐྱེས་ཡུལ་དཀར་མཛེས་རྫོང༌། ཁྲེན་པན་ཤང༌། དཀར་མཛེས་དགོན་པའི་འོག་གི་གྲོང་སྡེ་ཡུལ་པ་ནས་ཡིན། ཁོང་ཕྱི་ལོ་ ༢༠༠༤ ཡས་མས་ཤིག་ལ་དཀར་མཛེས་དགོན་དུ་ཆོས་ཞུགས་ཀྱིས་སློབ་གཉེར་གནང་ཡོད་འདུག

Comments

Post a Comment