བོད་ནང་ཞུམ་པ་མེད་པའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་དེ་གྲྭ་བཙུན་ཙམ་མིན་པར་མང་ཚོགས་ཁྲོད་ཁྱབ་བཞིན་པ།




ལོན་ཌོན་ནང་རྒྱ་ནག་གིས་ཨོ་ལིམ་པིག་གསེར་གྱི་རྟགས་མ་ལེན་བཞིན་པའི་གསར་འགྱུར་འདོན་བཞིན་པའི་སྐབས་དེར། རྒྱང་ཐག་རིང་བའི་འཛམ་གླིང་གི་ཡང་ཐོག་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་བོད་ནང་། བོད་མི་ན་གཞོན་གཉིས་ཏེ་མ་མ་ཞིག་དང་གྲྭ་པ་ཞིག་གིས་རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་བོད་དུ་ཕྱིར་ལོག་ཕེབས་བཅུག་དགོས་པའི་དགོས་འདུན་བཏོན་ཏེ་རང་ལུས་མེར་བསྲེགས་གནང་ཡོད། དེས་ཕྱི་ལོ་ ༢༠༡༡ ཟླ་ ༣ པ་ནས་བཟུང་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་མི་གྲངས་ ༤༥ ལ་སླེབས་ཡོད།

ཐོག་མར་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་གྲྭ་བཙུན་རྣམས་ཀྱིས་འགོ་བཙུགས་པ་ཞིག་ཡིན་ལ། ཁོང་ཚོས་རྒྱ་ནག་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་ཀྱི་ངོ་བོ་དང་ཆོས་ལུགས་རྩ་མེད་དུ་འགྲོ་བཞིན་པར་སེམས་འཚབ་ཆེན་པོ་གནང་གི་ཡོད། འོན་ཀྱང་ལོ་འདིའི་ནང་རང་ལུས་མེར་བསྲེགས་གནང་མཁན་གྱི་ཁྲོད་ནས་མི་གྲངས་ ༡༣ ནི་མང་ཚོགས་དཀྱུས་མ་ཆགས་ཡོད་པ་དེས། ལས་འགུལ་འདི་དགོན་སྡེ་ཁག་གཅིག་གི་ཕྱི་རོལ་ཏེ་ས་ཁུལ་གཞན་དུའང་ཁྱབ་བཞིན་པ་སྟོན་གྱི་ཡོད།

ཨ་རིའི་གྲོས་ཚོགས་དང་སྲིད་འཛིན་ལྷན་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་། ༡༩༨༠ དང་ ༩༠ གོ་གྲངས་ནང་བོད་དུ་ཉམས་མྱོང་མང་པོ་ཡོད་པའི་སྐུ་ཞབས་སི་ཊི་ཝེན་ མར་ཤལ་ (Steven Marshall) གྱིས། "ད་ལྟ་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་རྭ་བ་ལས་བརྒལ་ཏེ་སྣ་མང་ཅན་དུ་གྱུར་ཡོད། འདི་ནི་ཐོག་མར་གྲྭ་བཙུན་གྱིས་འགོ་བཙུགས་པ་ཙམ་མིན་པར། ད་ལྟ་མི་སྐྱ་མང་ཚོགས་ཁྲོད་དུའང་མཐོང་རྒྱུ་འདུག་" ཅེས་གསུངས་ཡོད།

དཔེར་ན། སི་ཁྲོན་ཞིང་ཆེན་རྔ་པ་ས་ཁུལ་དུ་ཀིརྟི་དགོན་པའི་རང་ལོ་ ༢༡ ཡིན་པའི་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད། བཙན་བྱོལ་ནང་གི་གནས་ཚུལ་ལྟར་ན། ཉེན་རྟོག་པས་ཁོང་འཁྲིད་སྐབས་ད་དུང་གསོན་པོར་གནས་ཡོད་འདུག ཁོང་ནི་རྔ་པ་ས་ཁུལ་ནས་རང་ལུས་མེར་བསྲེགས་གནང་མཁན་དགེ་འདུན་པ་ ༢༧ པ་དེ་ཆགས་ཡོད།

༸གོང་ས་མཆོག་གིས་ཚེ་སྲོག་ནི་རྩ་ཆེན་པོ་ཡིན་པས་རང་ལུས་མེར་བསྲེགས་ལ་ངོ་རྒོལ་མུ་མཐུད་གནང་བཞིན་ཡོད་ནའང་། བོད་མི་ཚོས་རེ་ཐག་ཆད་པའི་ཚོར་བ་ཤུགས་ཆེན་པོའི་ངང་མུ་མཐུད་ལས་འགུལ་དེ་སྤེལ་བཞིན་ཡོད། རང་ལུས་མེར་བསྲེགས་ནི་བོད་ཀྱི་སྲོལ་རྒྱུན་གྱི་ངོ་རྒོལ་བྱེད་སྟངས་ཤིག་གཏན་ནས་མིན་ཡང་། དུས་ཚོད་ཟད་བཞིན་པའི་ཚོར་བ་དང་། མི་དམངས་དང་༸གོང་ས་མཆོག་གི་བར་གྱི་འབྲེལ་བ་ཆད་རྒྱུར་སེམས་ཁྲལ་གྱིས། ན་གཞོན་ཚོས་དབུ་ཁྲིད་དང་མང་ཚོགས་བར་གྱི་འབྲེལ་བ་དེ་མ་ཆད་པའི་ཆེད་དུ་རང་སྲོག་བློས་བཏང་གནང་གི་ཡོད།

རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ནང་ཆོས་ཕྱོགས་ཀྱི་སློབ་གཉེར་དང་། དགེ་རྒན་བསྐོ་བཞག རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སོགས་ལ་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་པས། བོད་མི་མང་པོས་འདི་ནི་ཆོས་དད་ལ་དོ་ཕོག་ཚབས་ཆེན་བཟོ་བའི་བྱ་སྤྱོད་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གི་སྲིད་བྱུས་ལ་མཉམ་ལས་མ་བྱེད་མཁན་གྱི་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་འབུད་དམ་འཛིན་བཟུང་བྱེད་པ་དང་། ཐ་ན་བཙུན་མ་ལ་ལར་༸གོང་ས་མཆོག་གི་སྐུ་པར་སྟེང་རྡོག་རྫིས་རྒྱག་ཏུ་བཅུག་པའི་གནས་ཚུལ་ཡང་བྱུང་ཡོད། བོད་དོན་མཁས་པ་ཁག་ཅིག་གིས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདིས། ས་གནས་མང་ཚོགས་དང་རྒྱ་ནག་གཞུང་གི་བར་གྱི་དཀའ་རྙོག་དེ་ "ཛ་དྲག་གི་མཚམས་ (Tipping Point)" ཤིག་ཏུ་སླེབས་ཟིན་པ་མཚོན་གྱི་ཡོད་པར་བརྗོད། མེར་བསྲེགས་གནང་མཁན་གྱི་འདས་མཆོད་སྐབས་མང་ཚོགས་སྟོང་ཕྲག་མང་པོ་འདུ་འཛོམས་བྱེད་པ་སོགས་བོད་མིའི་ཞེ་སྡང་དང་མ་རངས་པ་དེ་ད་ལྟ་རྩེ་མོར་སོན་ཡོད།

པེ་ཅིང་གཞུང་གིས་༸གོང་ས་མཆོག་ལ་རྒྱབ་སྐྱོར་བྱེད་པ་དེ་ "ཁ་བྲལ་" གྱི་ལས་འགུལ་དང་གཅིག་མཚུངས་སུ་ངོས་འཛིན་བྱེད་ཀྱི་ཡོད། ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་ནང་བདེ་འཇགས་མི་སྣ་འཕར་མ་འགྲེམས་འཇོག་དང་། ཁོང་ཚོར་མེ་གསོད་ལག་ཆ་དང་ལྕགས་ཀྱུ་སོགས་སྤྲད་དེ་རང་ལུས་མེར་བསྲེགས་གནང་མཁན་ཚོར་དམ་དྲག་བྱེད་བཞིན་ཡོད། དེ་བཞིན་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ (CCTV) སོགས་བརྒྱུད་ནས། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་དག་༸ཏཱ་ལའི་བླ་མའི་རུ་ཚོགས་ཀྱིས་ངན་སྐུལ་བྱས་པ་ཡིན་པའི་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད།།

Comments

Post a Comment